ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

འཇར་མན་སྲིད་བློན་གྱིས་རྒྱ་ནག་ལ་འབྲེལ་བ་འཛིན་སྟངས་བསྒྱུར་དགོས་ཟེར། 


༄༅།། འཇར་མན་གྱི་སྲིད་ཨོ་ལཱབ་ཤོལ་ཛི་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དང་གཟའ་ཕུར་བུའི་ཉིན་སྲིད་བློན་ཤོལ་ཛིས་ཨ་རིའི་པོ་ལི་ཊི་ཀོ་གསར་ཁང་དང་འཇར་མན་གྱི་ཧྥ་རན་ཀ་ཧྥོར་ཊི་སྤྱི་ཡོངས་ཚགས་པར་གཉིས་ལ་རྒྱ་ནག་སླར་ཡང་མར་ཁེ་སི་དང་ལེ་ནིན་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་དེར་ཕྱིར་ལོག་བྱེད་ཀྱི་འདུག ང་ཚོས་རྒྱ་ནག་ལ་འབྲེལ་བ་འཛིན་སྟངས་ངེས་པར་དུ་བསྒྱུར་དགོས་ཀྱི་འདུག་ཅེས་རྩོག་ཡིག་བྲིས། ཕྱི་ཟླ་༡༡་པའི་ཚེས་༣་ཉིན་ཨ་རིའི་པ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་བློན་ཤོལ་ཛིས་འཇར་མན་ཎིའི་བཟོ་ཚོང་ལས་ཁང་ཁག་གིས་མཐའ་གཅིག་ཏུ་རྒྱ་ནག་ལ་བརྟེན་ནས་ཚོང་ལས་གཉེར་གྱི་ཡོད་པ་ཉུང་དུ་ཐོངས། ཞིས་ཅིན་ཕིང་གིས་བསམ་བཞིན་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་རྒྱ་ནག་ལ་བསྙེ་དགོས་པའི་སྲིད་ཇུས་ཤིག་འཛིན་གྱི་འདུག ཉེ་ཆར་མཇུག་བསྒྲིལ་བའི་དམར་ཤོག་ཚོགས་ཆེན་ཐོག་ཏུ་མར་ཁེ་སི་དང་ལེ་ནིན་རིང་ལུགས་ཀྱིས་རྒྱ་ནག་ལ་ཕྱོགས་ཡོངས་ནས་སྟངས་འཛིན་བྱ་རྒྱུའི་སྤྱི་མོས་ཐག་གཅོད་བྱུང་། འདི་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་སྔོན་མ་ཁག་དང་གཏན་ནས་མ་འདྲ་བ་ཞིག་བ་རེད། རྒྱ་ནག་ལ་འགྱུར་བ་འགྲོ་ཡི་ཡོད་པས་ང་ཚོས་ཀྱང་རྒྱ་ནག་ལ་འབྲེལ་བ་འཛིན་སྟངས་ངེས་པར་དུ་བསྒྱུར་དགོས་ཀྱི་འདུག་ཅེས་རྩོམ་ཡིག་ཏུ་བཀོད། འཇར་མན་ཎིས་སྲིད་བློན་ཟུར་པ་ཨན་གྷི་ལ་མར་ཁེལ་གྱིས་ཨུ་རུ་སུའི་སོལ་རླངས་འབའ་ཞིག་ལ་བརྟེན་རྒྱུའི་ཚོང་ལས་ཀྱི་སྲིད་ཇུས་ཤིག་བཟུང་། ཡུཀ་རེན་གྱི་དམག་འཁྲུག་སྐབས་ཡུ་འཇར་མན་ཎི་གཙོས་རོབ་རྒྱལ་ཁབ་ཁག་ལ་ཨུ་རུ་སུའི་སོལ་རླངས་ཆད་ཀྱི་ཡོད་པར་སྐྱོན་བརྗོད་ཤུགས་ཆེན་ཕོག འཇར་མན་གྱི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་ནག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པར་ཡུ་རོབ་རྒྱལ་ཁབ་ཁག་གིས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

སྲིད་བློན་ཤོལ་ཛིས་རྒྱ་ནག་ལ་དོགས་ཟོན་བྱ་དགོས་པའི་བརྡ་ཞིག་བཏང་ཡང་འཇར་མན་གཞུང་གིས་རྒྱ་ནག་ལ་ཚོང་འབྲེལ་དམ་ཟབ་འཛིན་གྱི་ཡོད་པར་རྦད་དེ་འགྱུར་བ་གཏོང་རྒྱུའི་རྟགས་མཚན་མེད་ཅིང་། ཁོང་གི་རྩོམ་ཡིག་ནང་དུ་ཨ་མི་རི་ཀ་ཞེས་དངོས་སུ་མིང་འབོད་མ་བྱས་ཀྱང་འཇར་མན་ཎི་གྲང་དམག་གསར་པ་ཞིག་གི་ནང་ལ་འདྲུད་དུ་འཇུག་འདོད་མེད། རྒྱལ་ཁབ་གཞན་དང་མ་འདྲ་བར་གྲང་དམག་དུས་སུ་འཇར་མན་ཎི་ཁ་གཏོར་བཏང་སྟེ་སྐྱི་གཡའ་བའི་ཉམས་མྱོང་ཞིག་བསགས་མྱོང་། ད་ལྟ་འཛམ་གླིང་འདིར་ཤོག་ཁག་གསར་པ་འབྱུང་གི་ཡོད་པ་དེའི་ཁོངས་སུ་འཇར་མན་ཎི་གཏན་ནས་ཞུགས་འདོད་མེད། མི་འབོར་དུང་ཕྱུར་༡༤་ཡོད་པའི་དཔལ་འབྱོར་གྱི་སྟོབས་ཆེན་རྒྱལ་ཁབ་རྒྱ་ནག་གིས་སྔོན་ཆད་ཤུགས་རྐྱེན་ཐེབས་པ་ལྟར་མ་འོངས་པར་ཡང་འཛམ་གླིང་གི་ལས་དོན་ཐོག་ཏུ་ནུས་པ་ཆེན་པོ་ཐོན་ཐུབ། རྒྱ་ནག་སྟོབས་འབྱོར་མངའ་ཐང་རྒྱས་ཀྱི་ཡོད་པ་རྒྱུ་མཚན་དུ་བཀོད་ནས་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུ་འོས་འཚམས་ཤིག་མ་རེད་ཅེས་ཨ་མི་རི་ཀའི་སྲིད་ཇུས་ལ་ཤུགས་ཀྱིས་སྐྱོན་བརྗོད་བྱས་ཤིང་། སྲིད་བློན་ཤོལ་ཛིས་འཇར་མན་ཎིས་རྒྱ་ནག་ལ་ཚོང་འབྲེལ་གཅོད་པ་དང་བཟོ་ལས་མཉམ་འབྲེལ་བྱ་རྒྱུ་མིན་ཟེར་གྱི་མེད། ཡིན་ནའང་ཞིས་ཅིན་ཕིང་གིས་རྒྱལ་སྤྱིའི་དངོས་ཟོག་གི་ཐོན་ཁུངས་རྣམས་རྒྱ་ནག་གཅིག་པུར་བརྟེན་དགོས་པའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པར་འགྱུར་བཅོས་གཏོང་དགོས་པའི་བསམ་ཞིབ་གཟབ་ནན་བྱེད་ཀྱི་ཡོད་ཅེས་གསལ་བཀྲོལ་བྱས་འདུག དོ་དགོང་འཇར་མན་ཎིའི་སྲིད་བློན་ཛོལ་ཛི་པེ་ཅིང་ལ་ཕེབས་རྒྱུ་དང་གཟའ་པ་སངས་ཉིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱ་རྒྱུ། འདི་ནི་ཞིས་ཅིན་ཕིང་གིས་ལས་དུས་གསུམ་པ་འགོ་བཙུགས་པའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཅིག་གི་འགོ་ཁྲིད་ལ་ཐུག་འཕྲད་བྱེད་ཀྱི་ཡོད་པ་ཐེངས་དང་པོ་ཡིན་པར་མ་ཟད། ལྷག་པར་དུ་ཏོག་དབྱིབས་ནད་ཡམས་རྗེས་སུ་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཚོགས་འཐུས་རྒྱལ་ཁབ་ཅིག་གི་འགོ་ཁྲིད་ལ་ཐུག་འཕྲད་བྱེད་ཀྱི་ཡོད་པ་ཐེངས་དང་པོ་ཡིན་འདུག

ཧྥ་རན་སི་གཙོ་བོར་གྱུར་པའི་ཡུ་རོབ་རྒྱལ་ཁབ་ཁག་གིས་འཇར་མན་ཎིའི་སྲིད་བློན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་འགྲིག་གི་མི་འདུག ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་གཅིག་གྱུར་གྱི་སྲིད་ཇུས་ཤིག་འཛིན་དགོས་པར་འཇར་མན་ཎིས་གཏོར་བརླག་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་སྲིད་བློན་ཤོལ་ཛི་དང་མཉམ་དུ་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་དགོས། ང་ཚོས་ཞིས་ཅིན་ཕིང་ལ་ཡུ་རོབ་རྒྱལ་ཁབ་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་པ་སྟོན་དགོས། རྒྱ་ནག་གིས་ཡུ་རོབ་རྒྱལ་ཁབ་གཅིག་ལ་ཚོང་ལས་ཀྱི་ཁེ་ཕན་སྤྲོད་པ་དང་རྒྱལ་ཁབ་གཞན་ཚོར་གྱོང་གུད་སྤྲོད་པའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པར་ཁ་གཏད་གཅོག་དགོས་ཞེས་གྲོས་གཞི་བཏོན། སྲིད་བློན་ཤོལ་ཛིས་གྲོས་གཞི་དེར་མོས་མཐུན་མ་བྱས་པར་ཡུ་རོབ་མཉམ་འབྲེལ་གྱིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་གནད་དོན་གལ་ཆེན་ཁག་གི་ཐོག་ཏུ་རྒྱ་ནག་ལ་མཉམ་འབྲེལ་བྱེད་དགོས་ཀྱི་འདུག རྒྱ་ནག་ཟུར་དུ་ཕུད་ན་ཕན་ཐོག་མི་འདུག་ཅེས་བཀྲལ། ཡུཀ་རེན་གྱི་དམག་འཁྲུག་ནང་དུ་རྒྱ་ནག་གིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་སྲིད་བློན་ཤོལ་ཛིས་ངོ་རྒོལ་བྱས་པ་དང་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་འཐུས་མི་ཞིག་ཡིན་པས་དམིགས་བསལ་གྱི་འགན་འཁྲི་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དགོངས་དོན་ཁག་གོང་བཀུར་བྱ་དགོས་པ་དང་རྒྱ་ནག་གིས་སྐད་ཆ་གསལ་པོ་བཤད་ན་ཨུ་རུ་སུར་སྐུལ་ལྕག་ཐེབས་ངེས་རེད་ཅེས་བསྟན། ཨོ་ལཱབ་ཤོལ་ཛི་སྲིད་བློན་ཟུར་པ་ཨན་གྷི་ལ་མར་ཁལ་ལྟར་ཚོང་ལས་ཨང་དང་པོར་འཛིན་པའི་ལམ་ཕྱོགས་དེར་སྐྱོད་ཀྱི་མེད་ཀྱང་རྒྱ་ནག་གིས་འཇར་མན་ཎིའི་མཚོ་ཁའི་སྐྱེལ་འདྲེན་འབབ་ཚིགས་ཤིག་ལ་མ་རྩ་བཙུགས་ཡོད་པར་རྒྱབ་སྐྱོར། འཇར་མན་པ་ཇི་སྙེད་ཅིག་གིས་ཧམ་བྷག་མཚོ་ཁའི་སྐྱེལ་འདྲེན་འབབ་ཚིགས་སུ་རྒྱ་ནག་གིས་མ་རྩ་བཙུགས་པར་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༣་ཉིན་མཉམ་འབྲེལ་རྒྱལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་སྟངས་འཛིན་ནན་པོ་བྱ་རྒྱུ་མགོ་བརྩམས། དེ་བཞིན་རྒྱ་ནག་གཞུང་ནས་ཞིན་ཅང་གི་ཡུ་གུར་བ་དང་བོད་པ་སོགས་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས། ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་འཇིགས་སྐུལ་བྱེད་ཀྱི་ཡོད་པའི་སྐབས་འདིར་སྲིད་བློན་ཨོ་ལཱབ་ཤོལ་ཛི་པེ་ཅིང་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་འོས་འཚམས་མ་རེད་ཅེས་སྐྱོན་བརྗོད་ཕོག མིང་འདོན་དངོས་སུ་མ་བྱས་པའི་འཇར་མན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་སྲིད་བློན་ཤོལ་ཛི་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ནི་ཉམས་ཚོད་ལེན་རྒྱུའི་ཆེད་དུ་རེད། རྒྱ་ནག་གི་ལངས་ཕྱོགས་ཅི་ཡིན་དང་རྒྱ་ནག་ལམ་ཕྱོགས་གང་འདྲ་ཞིག་ལ་བསྐྱོད་རྒྱུ་ཡིན་མིན། ད་ལྟའི་འཛམ་གླིང་གི་གནས་སྟངས་འོག་ཏུ་རྒྱ་ནག་ལ་མཉམ་འབྲེལ་ཅི་ཙམ་བྱེད་ཐུབ་རྒྱུ་ཡིན་མིན་བཅས་ལ་རྟོག་ཞིབ་བྱེད་པའི་ཆེད་དུ་རེད། རྒྱ་ནག་ཨུ་རུ་སུའི་མཐུན་གྲོགས་ཤིག་ཡིན་པས་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་གྱི་ཡོད་པ་འགོག་དགོས་པའི་ལས་འགན་ཡོད་དང་ཐེ་ཝན་མཚོ་འགག་ཏུའང་ཛ་དྲག་འབྱུང་གི་ཡོད་པ་རེད། འཇར་མན་ཎིས་རྒྱ་ནག་ལ་དྲང་སྙོམས་ཀྱི་དཔལ་འབྱོར་འབྲེལ་བ་ཞིག་འཛིན་འདོད་ཡོད་ཅེས་ནང་མོལ་བྱས་འདུག ཕྱི་སྲིད་བློན་ཆེན་ཨ་ན་ལི་ན་བྷེར་བྷོག་གིས་སྲིད་བློན་ཤོལ་ཛི་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་ཉེ་བའི་ལོ་ཤས་རིང་འཇར་མན་ཎིས་ཨུ་རུ་སུར་འབྲེལ་བ་དམ་ཟབ་བཟུང་སྟེ་ནོར་འཁྲུལ་བྱུང་བ་རྣམས་བསྐྱར་ཟློས་འབྱུང་རྒྱུའི་ཉེན་ཁ་ཆེ། ང་ཚོས་ཅིས་ཀྱང་དེ་ལ་གཡོལ་ཐབས་བྱ་དགོས་ཞེས་ལངས་ཕྱོགས་བཟུང་། འཇར་མན་ཎིའི་ཧམ་བྷག་མཚོ་ཁའི་འབབ་ཚིགས་དེར་རྒྱ་ནག་ལ་མ་རྩ་བརྒྱ་ཆ་༣༥་འཛུགས་འཇུག་རྒྱུ་ཡིན་མིན་དེར་མཉམ་སྐྱོང་སྲིད་གཞུང་ནང་ཁུལ་དུ་རྩོད་པ་ཡོང་གི་ཡོད་པ་དང་ཕྱི་སྲིད་བློན་ཆེན་ཨ་ན་ལི་ན་བྷེར་བྷག་གི་སྲིད་དོན་ཚོགས་པས་དེར་ངོ་རྒོལ་བྱས་འདུག

ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་སྲིད་བློན་ཤོལ་ཛིས་སྲིད་གཞུང་སྔོན་མའི་ལམ་སྲོལ་ཁག་ལ་འགྱུར་བ་བཏང་སྟེ་རྒྱ་ནག་ལ་འཚམས་འདྲིར་དང་པོ་མ་ཕེབས་པར་ཉི་ཧོང་ལ་ཕེབས་རྒྱུའི་ཐག་བཅད། སྲིད་བློན་ཤོལ་ཛིས་འཇར་མན་གྱི་བཟོ་ཚོང་ལས་ཁང་ཁག་ལ་རང་གི་མ་རྩ་རྣམས་རྒྱ་ནག་གི་ཁྲོམ་ར་འབའ་ཞིག་ལ་མ་བཙུགས་པར་རྒྱལ་ཁབ་གཞན་ཁག་ལ་བགོ་འགྲེམ་བྱས་ནས་མ་རྩ་འཛུགས་དགོས། ང་ཚོས་རྒྱ་ནག་ཏུ་ཚོང་ལས་གཉེར་མི་ཆོག རྒྱ་ནག་ལ་ཕྱིར་ཚོང་བྱེད་མི་ཆོག་པ་དང་རྒྱ་ནག་ནས་ནང་འདྲེན་བྱེད་མི་ཆོག་ཟེར་གྱི་མེད། འོན་ཀྱང་འཐེན་འཁྱེར་ཆེ་བའི་དུས་སྐབས་འདིར་མ་རྩ་ཐམས་ཅད་ས་ཆ་གཅིག་ལ་འཛུགས་རྒྱུ་དེ་ཐབས་མཁས་མ་རེད་ཟེར་གྱི་ཡོད་ཅེས་སྨྲས། ཡུ་རོབ་རྒྱལ་ཁབ་༢༧་ཀྱི་ཆེས་མཐོའི་འགོ་ཁྲིད་ཚོའི་ཚོགས་འདུའི་ཐོག་ཏུ་འཕྲུལ་རིག་ལག་རྩལ་གྱི་ཡོ་བྱད་དང་ཐོན་སྐྱེད་ཀྱི་རྒྱུ་ཆ་སོགས་རྒྱ་ནག་འབའ་ཞིག་ལ་བརྟེན་མི་ཉན། རྒྱ་ནག་ལ་འབྲེལ་བ་འཛིན་པའི་ཞོར་དུ་རྒྱལ་སྤྱིའི་ཡོངས་ལ་ཚོང་ལས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་དགོས་ཞེས་གྲོས་ཆོད་བཞག ཨོ་ལཱབ་ཤོལ་ཛིས་ང་རྒྱ་ནག་ལ་ཡུ་རོབ་པ་ཞིག་གི་ངོ་བོའི་ཐོག་ཏུ་འཚམས་འདྲིར་སྐྱོད་ཀྱི་ཡོད། འཇར་མན་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཁག་དང་ནུབ་རྒྱ་མཚོ་ཆེན་མོའི་ཕ་རོལ་གྱི་མཐུན་གྲོགས་ཁག་ལ་གྲོས་སྡུར་བྱས་ནས་སྐྱོད་ཀྱི་ཡོད་ཅེས་སྐྱོན་བརྗོད་ཁག་ལ་དགག་པ་བརྒྱབ། གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་སྲིད་བློན་ཤོལ་ཛི་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་རེ་བ་ཡོད། ད་ལྟའི་ཆར་རྒྱ་ནག་དང་འཇར་མན་ཎིའི་འབྲེལ་བ་ཡག་པོ་མེད་པའི་སྐབས་ཤིག་རེད་ཅེས་གསལ་བསྒྲགས་སྤེལ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྲིད་བློན་ཤོལ་ཛི་རྒྱ་ནག་ལ་ཕེབས་རྒྱུ་ཕྱིར་འཐེན་བྱ་དགོས་ཞེས་འབོད་སྐུལ་ཞུས། འཇར་མན་ཎིའི་མཉམ་སྐྱོང་སྲིད་གཞུང་ནང་ཁུལ་དུ་སྲིད་བློན་ཤོལ་ཛི་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་ཞེས་སྲིད་བློན་ཤོལ་ཛི་ལ་གནོན་ཤུགས་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG