༄༅།། ཡུ་རོབ་རྒྱལ་ཁབ་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་ཏེ་ཨ་རིས་འགོ་ཁྲིད་པའི་དམག་དོན་སྒྲིག་འཛུགས་དེའི་ས་མཚམས་ནི་ཨུ་རུ་སུའི་མཐའ་མཚམས་བར་དུ་ལྡབ་གཉིས་རྒྱ་བསྐྱེད། ཕུ་ཊིན་གྱིས་གྲང་དམག་རྗེས་སུ་ཨུ་རུ་སུའི་དམར་ཤོག་གི་བཙན་རྒྱལ་སླར་གསོ་བྱ་རྒྱུ་དང་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ནུབ་ཕྱོགས་པའི་དམག་དོན་སྒྲིག་འཛུགས་དེ་ཤར་ཕྱོགས་སུ་རྒྱ་སྐྱེད་ཀྱི་ཡོད་པ་འགོག་ཐབས་བྱས་པར་ཕམ་ཉེས་ཆེན་པོ་ཞིག་བྱུང་། ཕྱི་ཟླ་༤་པའི་ཚེས་༤་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་གཟའ་མིག་དམར་ཉིན་ཡུ་རོབ་རྒྱལ་ཁབ་ཧྥིན་ལན་ཌི་དངོས་སུ་ནུབ་ཆིངས་སྒྲིག་འཛུགས་ཁོངས་སུ་ཞུགས། ད་སྔ་ཨུ་རུ་སུ་དང་ཧྥིན་ལན་ཌི་གཉིས་དབྱིན་ལེ་༨༠༠་ཐམ་པའི་ས་མཚམས་འདྲེས། ད་ནས་ཧྥིན་ལན་ཌི་དང་ཨུ་རུ་སུའི་ས་མཚམས་དེ་ནུབ་ཆིངས་དང་ཨུ་རུ་སུའི་ས་མཚམས་ཞིག་ཏུ་གྱུར། ཧྥིན་ལན་ཌི་སྒྲིག་འཛུགས་དེར་ཞུགས་པའི་རྗེས་སུ་ནུབ་ཆིངས་ཀྱིས་རང་གི་ཚོགས་འཐུས་རྒྱལ་ཁབ་ལུ་ཐུ་ཝེ་ཎི་ཡ་དང་ཨེ་སི་ཊོ་ཎི་ཡ། ལཱ་ཊི་ཝི་ཡ་གསུམ་ལ་སྲུང་སྐྱོབ་བྱ་རྒྱུའི་ནུས་པ་ཆེ་རུ་སོང་།།
སྔ་ལོ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་རྩིས་བྱེད་ཀྱི་འདུག གལ་སྲིད་ཡུཀ་རེན་དངོས་སུ་ནུབ་ཆིངས་ཁོངས་སུ་ཞུགས་ན་ནུབ་ཕྱོགས་ཀྱི་དམག་དོན་སྒྲིག་འཛུགས་དེ་ཨུ་རུ་སུའི་སྒོ་འགྲམ་བར་དུ་རྒྱ་བསྐྱེད་ནས་སླེབས་ས་རེད་ཅེས་བཙན་འཛུལ་དམག་འཁྲུག་བསླངས། ཉེ་ཆར་ཏུར་ཀིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་ཆོག་པའི་མཐའ་མའི་ཆོག་མཆན་བཀོད། ཨ་མི་རི་ཀ་ནུབ་ཆིངས་སྒྲིག་འཛུགས་ཀྱི་འགན་སྲུང་བ་ཡིན་པས་གཟའ་མིག་དམར་ཉིན་ཏུར་ཀིའི་གཞུང་གིས་བྷེལ་ཇེམ་གྱི་རྒྱལ་ས་བྷ་ར་སིལ་སི་གྲོང་ཁྱེར་དུ་བཅའ་སྡོད་ནུབ་ཆིངས་ཀྱི་དབུས་སྤྱི་ཁྱབ་ཁང་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་ལ་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་དགག་བྱ་མེད་པའི་འཁྲོལ་ཡིག་སྤྲད། ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ཧྥིན་ལན་ཌི་དངོས་སུ་ནུབ་ཆིངས་སྒྲིག་འཛུགས་ཀྱི་དབུས་སྤྱི་ཁྱབ་ཁང་དུ་གདན་འདྲེན་ཞུས་ནས་དམག་དོན་སྒྲིག་འཛུགས་དེའི་ཚོགས་འཐུས་རྒྱལ་ཁབ་༣༡་པར་ངོས་འཛིན་ཐོབ། སྤྱི་ཁྱབ་དྲུང་ཆེ་སི་ཊོན་ཊེན་བྷག་གིས་ང་ཚོས་ནུབ་ཆིངས་ཀྱི་དབུས་སྤྱི་ཁྱབ་ཁང་དུ་ཧྥིན་ཌིའི་རྒྱལ་དར་བསྒྲེང་རྒྱུ་དང་ཧྥིན་ལན་ཌིའི་བདེ་འཇགས་སྲུང་སྐྱོབ་ལ་དགེ་མཚན་ཆེ་བའི་ཉིན་མོ་ཞིག་རེད་ཅེས་གཏམ་བཤད་བྱས་པའི་གནས་ཚུལ་ཐོན།།
ཐོག་མར་ཧྥིན་ལན་ཌི་དང་སུད་ཌེན་གཉིས་མཉམ་དུ་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ། ཡིན་ནའང་ཏུར་ཀིའི་སྲིད་འཛིན་ཨེར་དྷོ་ཝན་གྱིས་སུད་ཌེན་གྱི་ས་ཐོག་ཏུ་ཀུར་དྷི་སི་ཐན་ངལ་རྩོལ་ཚོགས་པའི་ཚོགས་མི་རྣམས་འདུག ཁོ་ཚོ་འཇིགས་སྐུལ་རིང་ལུགས་པ་ཡིན་པ་དང་མི་དེ་ཚོ་ཏུར་ཀིའི་གཞུང་ལ་རྩིས་སྤྲོད་བྱ་དགོས། ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་དགག་བྱ་མེད་ཀྱང་སུད་ཌེན་ལ་མོས་མཐུན་མེད་ཅེས་བཀག ནུབ་ཆིངས་ཀྱི་རྩ་ཁྲིམས་སུ་དམག་དོན་སྒྲིག་འཛུགས་དེར་ཚོགས་འཐུས་རྒྱལ་ཁབ་གསར་པ་ཞིག་འཇུག་དགོས་ཚེ། ཚོགས་འཐུས་རྒྱལ་ཁབ་ཚང་མ་སྤྱི་མོས་འབྱུང་དགོས་ཞེས་འཁོད། ཟླ་ཤས་གོང་དུ་སུད་ཌེན་གྱི་རྒྱལ་ས་སི་ཊོག་ཧོམ་གྲོང་ཁྱེར་དུ་བཅའ་སྡོད་ཏུར་ཀིའི་གཞུང་ཚབ་ཁང་གི་མདུན་དུ་མི་ཁག་ཅིག་གིས་ཁ་ཆེའི་བཀའ་དེབ་མེར་བསྲེགས་དང་སྲིད་འཛིན་ཨེར་དྷོ་ཝན་གྱི་འདྲ་པར་རལ་ནས་ངོ་རྒོལ་ལས་འགུལ་སྤེལ། དེར་བརྟེན་ཏུར་ཀིའི་གཞུང་གིས་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་དེར་ངོ་རྒོལ་བྱ་རྒྱུ་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན།།
ནུབ་ཆིངས་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོས་སུད་ཌན་ཡང་ཡུན་རིང་མི་འགོར་པར་ནུབ་ཆིངས་ཁོངས་སུ་ཚུད་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་ཡུ་རོབ་རྒྱལ་ཁབ་ཧང་གྷ་རིའི་གཞུང་གིས་ཀྱང་སུད་ཌེན་ནུབ་ཆིངས་ཁོངས་སུ་འཇུག་རྒྱུ་དེར་བཀག་འགོག་བྱེད་ཀྱི་ཡོད་ཅིང་། ཧང་གྷ་རིའི་གཞུང་གི་མགྲིན་ཚབ་པས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་སུད་ཌེན་གཞུང་གིས་རང་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤྱད་ནས་ཧང་གྷ་རིའི་ཁེ་ཕན་ལ་གནོད་པའི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་འདུག་ཅེས་སྐྱོན་བཙུགས། སུད་ཌེན་གཞུང་གིས་ཧང་གྷ་རིའི་ཁེ་ཕན་ལ་གནོད་པའི་སྲིད་ཇུས་འདི་དང་དེ་ལག་ལེན་བསྟར་གྱི་འདུག་ཅེས་གསལ་བཀྲོལ་བྱ་རྒྱུ་ཡོད་མེད་ངེས་གཏན་བྲལ། ཟླ་བ་རྗེས་མར་ཏུར་ཀི་རྒྱལ་ཡོངས་སུ་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དང་དེའི་བར་དུ་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེར་འགུལ་སྐྱོད་གང་ཡང་ཐེབས་རྒྱུ་མིན་པའི་རྣམ་པ་ཞིག་མངོན། ཏུར་ཀི་དང་ཧང་གྷ་རི་གཉིས་ཀྱིས་སུད་ཌེན་བཀག་པ་དེ་ཨུ་རུ་སུར་གནས་སྐབས་རིང་མཚོན་དོན་གྱི་རྒྱལ་ཁ་ཞིག་ཡིན་ཞིང་། ཨུ་རུ་སུས་གང་ཐུབ་ཀྱིས་ནུབ་ཆིངས་སྒྲིག་འཛུགས་ཀྱི་ནང་ཁུལ་དུ་འགལ་ཟླ་སློང་རྒྱུའི་ཐབས་སུ་འབད་ཀྱི་ཡོད་པའི་གནས་ཚུལ་ཐོན།།
ཁ་སང་གཟའ་ཟླ་བའི་ཉིན་ནུབ་ཆིངས་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ང་ཚོས་སུད་ཌེན་གཅིག་པུ་བཞག་ཡོད་པའི་བག་ཆགས་ཤིག་གཏན་ནས་འཇོག་མི་ཉན། ནུབ་ཆིངས་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་བྱེ་བྲག་པ་ཚོས་སུད་ཌེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་བྱ་རྒྱུའི་གྲོས་མཐུན་བཞག་ཡོད། ཧྥི་ལན་ཌི་ནུབ་ཆིངས་ཀྱི་ཚོགས་འཐུས་སུ་གྱུར་པའི་རྗེས་སུ་སུད་ཌེན་གྱི་བདེ་འཇགས་སྔར་ལས་སྲ་བརྟན་འགྲོ་ཤས་ཆེ། སུད་ཌེན་སྔ་གཞུག་མ་གཏོགས་ནུབ་ཆིངས་ཀྱི་ཚོགས་འཐུས་སུ་འགྱུར་རྒྱུ་དེར་ཐེ་ཚོམ་མེད་ཅེས་བཀྲལ། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པས་ཧྥིན་ལན་ཌི་སྒྲིག་འཛུགས་དེར་ཞུགས་རྒྱུར་དགའ་བསུ་ཡོད་ཅེས་གསལ་བསྒྲགས་སྤེལ་བའི་རྗེས་སུ་ཧྥིན་ལན་ཌིའི་སྲིད་འཛིན་གྱིས་ང་ཚོས་སུད་ཌེན་ནུབ་ཆིངས་ཁོངས་སུ་ཚུད་རྒྱུ་དེར་རེ་སྒུག་བྱེད་བཞིན་ཡོད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ད་ལྟའི་བར་དུ་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་མ་ཞུགས་ཀྱང་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་ཏེ་ནུབ་ཆིངས་ཀྱི་དམག་དང་མཉམ་དུ་ལོ་ལྟར་དམག་སྦྱོང་བྱས་ནས་འབྲེལ་བ་དམ་ཟབ་ཚུགས་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་༤་པའི་ཚེས་༤་ཉིན་སེ་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་གིས་ནུབ་ཆིངས་མུ་མཐུད་དུ་རྒྱ་བསྐྱེད་ན་ཡུ་རོབ་གླིང་དུ་ཞི་བདེ་བརྟན་ལྷིང་མི་འབྱུང་མི་སྲིད། ནུབ་ཆིངས་ཀྱིས་ཧྥིན་ལན་ཌིའི་ས་ཐོག་ཏུ་དམག་དཔུང་དང་མཚོན་ཆ་འགྲེམ་འཇོག་བྱས་ན་ཨུ་རུ་སུའི་གཞུང་གིས་ཧྥིན་ལན་ཌིའི་ས་མཚམས་སུ་དམག་གསོག་རྒྱག་རྒྱུ་ཡིན། ང་ཚོས་ཨུ་རུ་སུའི་ནུབ་ཕྱོགས་དང་ནུབ་བྱང་མཚམས་སུ་དམག་དཔུང་མང་དུ་བཏང་སྟེ་འཐབ་རྒོལ་གྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པས་གསར་འགོད་གསལ་བསྒྲགས་སྤེལ། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་ཨ་རིའི་ཝིལ་སིན་ལྟེ་གནས་ཁང་གིས་ཧྥིན་ལན་ཌི་ནུབ་ཆིངས་ཀྱི་ཚོགས་འཐུས་སུ་གྱུར་ན་ཁེ་ཕན་གསུམ་འདུག ཧྥིན་ལན་ཌིར་དམག་མི་འབུམ་༢་དང་ཁྲི་ཚོ་༨་ཡོད་པར་མ་ཟད། རྒྱལ་ཁབ་དེར་ཟུར་འཇོག་དམག་མི་འབུམ་༩་འདུག ཧྥིན་ལན་ཌིར་འཕྲུལ་རིག་ལག་རྩལ་ཡག་པོ་ཡོད་པ་དང་རྒྱལ་ཁབ་དེའི་མེ་སྒྱོགས་དཔུང་སྡེའི་སྟོབས་ཤུགས་ནི་འཇར་མན་ཎི་དང་པོ་ལན་ཌི། ནོར་ཝེ་དང་སུད་ཌེན་བཅས་རྒྱལ་ཁབ་༤་ལས་ཀྱང་ཆེ་བ་འདུག་ཅེས་བསྟན།།
ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་མ་བྱས་གོང་དུ་ཧྥིན་ལན་ཌི་དང་སུད་ཌེན་གྱི་མི་དམངས་རྣམས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དང་དམག་དོན་ལ་འགྲོ་གྲོན་གཏོང་རྒྱུ། ཨུ་རུ་སུ་དགྲ་རུ་བཟུང་ནས་མཐའ་གཅིག་ཏུ་ཨ་མི་རི་ཀའི་ཕྱོགས་སུ་ལངས་འདོད་མ་བྱུང་། སྔ་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་དམག་དྲངས་ནས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཧྥིན་ལན་ཌི་དང་སུད་ཌེན་གཉིས་ཀྱི་མི་དམངས་རྣམས་ལྟ་ཚུལ་འགྱུར། ཁོ་ཚོས་རང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་འགན་ལེན་བྱེད་ཐུབ་པའི་ཐབས་ལམ་འབའ་ཞིག་ནི་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེ་ཡིན་པ་ངེས་ཟིན། ན་ནིང་ཕྱི་ཟླ་༤་པའི་ནང་ཧྥིན་ལན་ཌིའི་སྲིད་བློན་ས་ན་མ་རཱིན་གྱིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཐམས་ཅད་འགྱུར་སོང་། མི་དམངས་ཀྱི་བསམ་བློའི་འདུ་ཤེས་འགྱུར་བ་དང་སུད་ཌེན་ལའང་འཕྲལ་དུ་འགྱུར་བ་ཐེབས་སོང་ཞེས་བསྒྲགས། འདས་པའི་དུས་རབས་གཅིག་ཡས་མས་ཤིག་ལ་ཧྥིན་ལན་ཌིས་ཕྱོགས་སྒྲིག་སྤངས་པའི་ལངས་ཕྱོགས་བཟུང་བར་ཡོངས་སུ་འགྱུར་བ་ཐེབས།།
དེ་རིང་གཟའ་མིག་དམར་ཉིན་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཧྥིན་ལན་ཌི་ནུབ་ཆིངས་ཁོངས་སུ་བཅུག་ནས་ཨུ་རུ་སུར་འཁྲུག་རྩོད་སློང་རྒྱུའི་ཛ་དྲག་ཤུགས་ཆེ་རུ་འགྲོ་ངེས་རེད། དེ་ནི་ནུབ་ཕྱོགས་ཀྱིས་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁེ་ཕན་དང་བདེ་འཇགས་ལ་གཏོར་བརླག་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་ནུབ་ཆིངས་ཀྱིས་ཨུ་རུ་སུ་དགྲ་འཛིན་གྱི་སྟོབས་ཤུགས་ཆེ་རུ་གཏོང་གི་འདུག ད་ནས་དམག་འཁྲུག་གི་ཉེན་ཁ་ཇེ་ཆེ་རེད་ཅེས་ཨུ་རུ་སུའི་དམག་དོན་མི་སྣ་ཚོར་གཏམ་བཤད་བྱས་པའི་གནས་ཚུལ་ཐོན། བདུན་ཕྲག་སྔོན་མར་ཕུ་ཊིན་གྱིས་ཨུ་རུ་སུའི་རྡུལ་ཕྲན་མཚོན་ཆ་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལོ་རུ་སུའི་ས་ཐོག་ཏུ་འཛུགས་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཕྱི་ཚེས་༤་ཉིན་རྒྱལ་སྲུང་བློན་ཆེན་ཤོ་གུས་རྡུལ་ཕྲན་གྱི་རྩེ་མདེལ་འཁྱེར་བའི་ཨུ་རུ་སུའི་ཨི་སི་ཁན་ཌར་འཕུར་མདེལ་རྣམས་བྷེ་ལོ་རུ་སུའི་ས་ཐོག་ཏུ་འཛུགས་ཆོག་གི་རེད་ཅེས་བསྐྱར་དུ་ཟློས། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ནུབ་ཆིངས་རྒྱ་སྐྱེད་གཏོང་རྒྱུ་འགོག་ཐབས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་དེར་རྩིས་ལོག་ཆེན་པོ་ཐེབས་སོང་ཞེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག