ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཨ་རིས་རྒྱ་གར་ལ་མི་མེད་གནམ་གྲུ་བཙོང་ནས་རྒྱ་ནག་ལ་ཁ་གཏད་འཇལ་རྒྱུ།


INDIA-CHINA-BORDER-DEFENCE
INDIA-CHINA-BORDER-DEFENCE

ཉེ་ལམ་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌར་མོ་དྷི་མཆོག་ཨ་རི་ལ་རྒྱལ་དོན་འཚམས་འདྲིར་ཕེབས་སྐབས། རྒྱ་གར་གྱི་ཨ་རིའི་ས་ནས་ཨ་སྒོར་ཐེར་འབུམ་གསུམ་གྱི་རིན་གོང་གནས་པའི་མི་མེད་གནམ་གྲྭ་ཉོ་སྒྲུབ་བྱ་རྒྱུའི་གཏན་ཁེལ་བྱུང་ཡོད་པ་གསལ་བསྒྲགས་གནང་འདུག རྒྱ་གར་གྱི་དཔོན་རིགས་ཀྱིས་བརྗོད་དོན་ལ། རྒྱ་གར་ལ་ཨ་རིའི་ས་ནས་ MQ-9B རྟགས་ཅན་གྱི་མི་མེད་གནམ་གྲུ་༣༠ ཙམ་རྩིས་ལེན་བྱ་རྒྱུ་དང་། མི་མེད་གནམ་གྲུ་༣༠ ནང་ནས་ཕྱེད་ཀ་ཙམ་ཞིག་རྒྱ་གར་མཚོ་དམག་ལ་སྤྲོད་རྒྱུ་དང་། ལྷག་མ་དེ་དག་རྒྱ་གར་སྐམ་དམག་དང་མཁའ་དམག་ལ་མཁོ་སྤྲོད་བྱ་རྒྱུ་རེད་འདུག

ད་རེས་རྒྱ་གར་གྱིས་ཨ་རིའི་ས་ནས་གོ་མཚོན་ཉོ་སྒྲུབ་བྱས་པ་དེས་དེང་སྐབས་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་དབར་གྱི་ཛ་དྲག་གི་འབྲེལ་ལམ་དེ་རང་བཞིན་གྱིས་མི་ཚོའི་དོ་སྣང་བྱ་ཡུལ་དུ་ཆགས་བཅུག་ཡོད་ཅིང་། འདས་པའི་ལོ་བཅུ་གྲངས་འགའ་ཤས་རིང་ལ། རྒྱ་ནག་གིས་འཕགས་བོད་ས་མཚམས་སུ་གཞི་རྩའི་རྨང་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་གྱིས་རྒྱ་ནག་གི་དམག་དཔུང་ལ་མཐུན་རྐྱེན་གང་ལེགས་བསྐྲུན་ཡོད། མོ་དྷི་མཆོག་གིས་ད་རེས་ཨ་རིར་འཚམས་འདྲིར་མ་ཕེབས་གོང་ཙམ་ལ། ཝོ་སི་ཀྲི་ཊི་ཉིན་རེའི་ཚགས་ཤོག་གི་བཅར་འདྲི་དང་ལེན་གནང་དུས། དེང་སང་རྒྱ་གར་དང་ཨ་རི་གཉིས་ཀྱི་བར་ཕན་ཚུན་ཡིད་ཆེས་བློ་འགེལ་བྱེད་པའི་ཚད་མཐོ་ཤོས་སུ་སླེབས་ཡོད་པ་དང་། རྒྱལ་སྲུང་སྐོར་ལ་མཉམ་ལས་བྱ་རྒྱུ་ནི་ཕྱོགས་གཉིས་མཐུན་གྲོགས་ཀྱི་འབྲེལ་ལམ་དེ་བཞིན་རྒྱུན་གནས་ཐུབ་པའི་འགག་རྩ་ཆགས་ཡོད་ཅེས་གསུངས་འདུག

India China Border Standoff
India China Border Standoff

དེ་བཞིན་དུ་བདུན་ཕྲག་གོང་མར་ཨ་རིའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་སློབ་སྟོན་པ་ཇཱེ་ཁེ་སུའུ་ལི་ཝེན་ལགས་ནས་ཀྱང་། ད་རེས་མོ་དྷི་མཆོག་གི་འཚམས་འདྲི་དེ་ནི་རྡི་ལི་དང་ཝ་ཤིན་ཊོན་གཉིས་གྱི་འབྲེལ་ལམ་གྱི་བཀྱོག་མཚམས་ཤིག་ཆགས་ཡོད་ཅིང་། རྒྱ་ནག་གི་འགྲན་སློང་དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཅེས་གསུངས་འདུག རྒྱ་གར་ནི་ཨ་རིའི་བདེ་འཇགས་མནའ་གྲོགས་མ་ཡིན་ཡང་། པེ་ཅིང་ལ་ཡིད་ཆེས་མེད་པ་དེ་གཅིག་མཐུན་ཆགས་ཡོད་སྟབས། འབྱུང་འགྱུར་གསང་བའི་ཆ་འཕྲིན་མཉམ་སྤྱོད་བྱ་རྒྱུ་དང་གོ་མཚོན་ཉོ་སྒྲུབ་དང་མཉམ་འབྲེལ་གྱི་ཐོག་ནས་གོ་མཚོན་ཐོན་སྐྱེད་བྱ་རྒྱུ་སོགས་ལ་འབྲེལ་ལམ་དམ་ཟབ་གཏང་རྒྱུ་རེད་འདུག

གཞན་ཡང་ཨ་རི་དང་རྒྱ་གར་བར་གྲོས་ཆོད་གཞན་ཞིག་གཏན་འབེབས་བྱུང་ཡོད་དེ། རྒྱ་གར་གྱིས་འཐབ་འཁོར་གྱི་འཕྲུལ་འཁོར་ཨ་མ་ཐོན་སྐྱེད་བྱ་རྒྱུ་དང་། ཨ་རིས་རྡི་ལི་ལ་དམག་དོན་གྱི་ལག་རྩལ་ཚད་མཐོན་པོ་མཁོ་སྤྲོད་ཀྱིས་ཨ་རིའི་F/A-༡༨ རྟགས་ཅན་གྱི་འཐབ་འཁོར་གྱི་འཕྲུལ་འཁོར་ཨ་མ་ནང་བཞིན་ཐོན་སྐྱེད་བྱ་རྒྱུར་རམ་འདེགས་བྱ་རྒྱུ་རེད་འདུག

རྡི་ལིས་ཝ་ཤིན་ཊོན་གྱིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱེད་པའི་དོགས་ཟོན་སྤངས་ཏེ། ཉི་ཧོང་དང་ཨ་རི། ཨོ་སི་ཁྲོ་ལི་ཡ་བཅས་རྒྱལ་ཁབ་བཞིའི་རྩ་འཛུགས་ནང་དུ་མཉམ་བཞུགས་ཀྱིས་བདེ་འཇགས་དང་གནད་དོན་གཞན་གྱི་ཐོག་ལ་མཉམ་ལས་བྱེད་བཞིན་པ་རེད།

Drone
Drone

རྒྱ་དཀར་ནག་གཉིས་དབར་གྱི་འབྲེལ་ལམ་ཛ་དྲག་ཆགས་པ་དེ་ནི་འཕགས་བོད་ས་མཚམས་སུ་མངའ་ཁོངས་དང་འབྲེལ་བའི་རྩོད་རྙོག་དང་། དེ་བཞིན་༢༠༢༠ ལོར་རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་ཊིག་ཊོག་ཚུད་པའི་མཉེན་ཆས་རིགས་བཅུ་གྲངས་འགའ་ཤས་བཀག་སྡོམ་བྱས་ཡོད་པ་དང་། ཉེ་ལམ་ལ་ཕྱོགས་གཉིས་བར་གསར་འགོད་པ་མཐར་སྤྲོད་བཏང་རེ་བྱས་ཡོད་པ་སོགས་ལས་བྱུང་བ་ཞིག་རེད། རྒྱ་གར་ཀྱི་བདེ་འཇགས་སྐོར་གྱི་དཔོན་རིགས་ཀྱིས་བརྗོད་དོན་ལ། ཉེ་བའི་ལོ་ཤས་རིང་པེ་ཅིང་གིས་ལོ་བཅུ་གྲངས་འགའ་ཤས་རིང་ལ་སེལ་ཐུབ་མེད་པའི་ས་མཚམས་རྩོད་རྙོག་དང་འབྲེལ་ནས་བཙན་ཤེད་དང་སྡིགས་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་གར་གྱི་མངའ་ཁོངས་འགའ་ཤས་བཙན་བཟུང་བྱེད་ཐབས་བྱེད་བཞིན་པ་རེད། དེ་བས་ད་ལྟ་རྒྱ་ནག་གི་བྱེད་སྟངས་དེའི་རིགས་ལ་འགོག་སྲུང་ནན་མོ་ཡོང་ཆེད་རྒྱ་གར་ལ་ས་མཚམས་ལ་ལྟ་སྐུལ་བྱེད་ཕྱོགས་ཐད་ལས་འགན་ལྗི་མོ་ཆགས་ཡོད་པས། མི་མེད་གནམ་གྲུས་དེ་ལ་ཕན་ཐོགས་ཆེན་པོ་འབྱུང་རྒྱུ་རེད་ཅེས་དང་། རྡི་ལི་ལ་ད་ལྟ་རྒྱ་གར་དང་ཨི་སི་རལ་གྱིས་བཟོས་པའི་མི་མེད་གནམ་གྲུ་བཅུ་གྲངས་འགའ་ཤས་ཡོད། དེའི་ཁྲོད་ནས་མང་ཆེ་བར་བརྙན་མིག་དང་འཁོར་སྐར་པར་རིས་བཙུགས་ནས་རྒྱ་ནག་གི་ས་མཚམས་སུ་དམག་མི་དང་གོ་མཚོན་འགྲེམ་འཇོག་བྱེད་སྟངས་དང་། གཞི་རྩའི་རྨང་གཞི་འཛུགས་སྐྲུན་གྱི་ཆ་འཕྲིན་སོགས་ཀྱི་སྐོར་ལ་ལྟ་སྐུལ་བྱེད་བཞིན་ཡོད་ཅེས་བརྗོད་འདུག

གཞན་ཡང་རྒྱ་གར་གྱི་དཔོན་རིགས་ཀྱིས་བརྗོད་དོན་ལྟར་ན། རྒྱ་ནག་ཕྱོགས་ནས་ཀྱང་དེ་མཚུངས་ཀྱིས་མི་མེད་གནམ་གྲུ་བེད་སྤྱོད་ཀྱིས་ས་མཚམས་ལ་ལྟ་སྐུལ་བྱེད་བཞིན་ཡོད་ཅིང་། ༢༠༢༠ ལོར་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་གདོང་ཐུག་བྱུང་ནས་ཟླ་བ་འགའ་ཤས་ཕྱིན་རྗེས་ཕྱོགས་གཉིས་ནས་དམག་མི་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱུང་ཡོད། སྐབས་དེར་རྒྱ་གར་ཀྱིས་ཨི་སི་རལ་གྱི་ Searcher Mark-II རྟགས་ཅན་གྱི་མི་མེད་གནམ་གྲུ་༡༢༥ དང་ Heron རྟགས་ཅན་གྱི་མི་མེད་གནམ་གྲུ་༩༠ ཐམ་པ་བརྒྱུད་ནས་དམག་ས་ལ་ལྟ་སྐུལ་བྱས་ཡོད་པ་རེད། མི་མེད་གནམ་གྲུ་དེ་གལ་འགངས་ཆེན་པོ་ཆགས་ཡོད་སྟབས་ཉེ་བའི་ཟླ་བ་འགའ་ཤས་རིང་ལ་རྒྱ་གར་གྱི་དམག་དཔུང་གིས་ནཱ་སྨི་མི་མེད་གནམ་གྲུ་༨༥༠ དང་། དེར་མཁོ་བའི་བརྙན་མིག་དང་ཚོར་ཤེས་ཀྱི་འཕྲུལ་ཆས་སོགས་ཉོ་སྒྲུབ་བྱས་འདུག མི་མེད་གནམ་གྲུ་ལས་གཞན་རྒྱ་གར་གྱིས་Boeing བཟོ་ཚོང་ཁང་གི་ P-8Iརྟགས་ཅན་གྱི་སོ་ལྟ་བྱེད་ཅན་གྱི་གནམ་གྲུ་ཡང་བཀོལ་སྤྱོད་བྱེད་བཞིན་པ་རེད།

ཨ་རིས་ཁྱབ་ཁོངས་མང་པོ་ཞིག་གི་ནང་རྒྱ་གར་དང་མཉམ་ལས་དམ་ཟབ་བྱེད་བཞིན་ཡོད་དེ། ན་ནིང་ལོར་རྒྱ་གར་དང་ཨ་རིའི་དམག་དཔུང་གཉིས་མཉམ་འབྲེལ་གྱི་ཐོག་ནས་འཕགས་བོད་ས་མཚམས་སུ་མཁའ་དམག་གི་དམག་སྦྱོང་ཐེངས་ཤིག་བྱས་ཡོད་པ་རེད། གཞན་ཡང་རྒྱ་ནག་གིས་ཨི་རྡུལ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཉིན་རེ་བཞིན་སྟོབས་ཤུགས་རྒྱ་བསྐྱེད་གཏོང་བཞིན་པར་ཁ་གཏད་བཅག་ཆེད་ཨ་རི་དང་རྒྱ་གར་དབར་མཚོ་ཐོག་གི་མཉམ་ལས་ཀྱང་ཤུགས་ཇེ་ཆེར་འགྲོ་བཞིན་པ་རེད།

རྒྱ་དཀར་ནག་གཉིས་ཀྱི་བར་འགྲན་རྩོད་ཆེ་རུང་། རྒྱ་གར་གྱིས་ཨ་རི་དང་མཉམ་དུ་ཐེ་ཝན་གྱི་གནད་དོན་ཐད་ནས་རྒྱ་ནག་ལ་དམག་དོན་ཐོག་ནས་ཁ་གཏད་བཅག་མི་སྲིད་པས་ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་ལམ་དེ་ལ་ཚད་བཀག་ངེས་ཅན་ཞིག་ཡོད་པ་རེད་ཅེས་ཆེད་མཁས་པ་འགས་ཉེན་བརྡ་ཡང་བཏང་འདུག དེ་བཞིན་དུ་ཨུ་རུ་སུའི་གནད་དོན་ཐད་ནས་ཀྱང་ཨ་རི་དང་རྒྱ་གར་གཉིས་ཀྱི་ལངས་ཕྱོགས་ཐ་དད་ཆགས་ཡོད་ཅིང་། ཨུ་རུ་སུ་ནི་རྒྱ་གར་ལ་རྡོ་སྣུམ་དང་། གནམ་གྲུ་དང་ཐད་འཕུར་གནམ་གྲུ། S-༤༠༠ རྟགས་ཅན་གྱི་འཕུར་མདེལ་འགོག་སྲུང་མ་ལག་སོགས་མཁོ་སྤྲོད་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་ཆགས་ཡོད་མོད། ཡིན་ནའང་། ཨ་རིའི་ཕྱོགས་ནས་གོང་འཁོད་གནད་དོན་དེ་དག་སེམས་ལ་མ་འཛིན་པར་རྡི་ལི་དེ་བཞིན་ཨི་རྡུལ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཐུན་གྲོགས་ཤིག་ཏུ་བརྩིས་ཏེ་ནུས་པ་མཉམ་སྤུངས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ལ་གདོང་ལེན་ཡོང་ཐབས་བྱེད་བཞིན་པ་རེད།

XS
SM
MD
LG