ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༢/༢༦

ཁེ་ན་ཌའི་གཞུང་ནས་རྒྱ་ནག་གི་ཐེ་ཇུས་སྣང་མེད་བཏང་མེད་སྐད། 


ཁེ་ན་ཌའི་དམིགས་བསལ་ཞིབ་འཇུག་པ་ཇཱོན་སི་ཊོན།
ཁེ་ན་ཌའི་དམིགས་བསལ་ཞིབ་འཇུག་པ་ཇཱོན་སི་ཊོན།

༄༅།། ཁེ་ན་ཌའི་དམིགས་བསལ་ཞིབ་འཇུག་པ་ཌེ་ཝི་ཌི་ཇཱོན་སི་ཊོན་ནས་རྒྱ་ནག་གིས་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུ་ཁག་གཉིས་ལ་ཐེ་ཇུས་དང་ཤུགས་རྐྱེན་ཐེབས་ཐབས་བྱས་འདུག་ཅེས་གསང་བའི་གནས་ཚུལ་ཐོན་པ་ཁག་ལ་སྲིད་བློན་ཊུ་རུ་ཌོའི་གཞུང་གིས་བསམ་བཞིན་སྣང་མེད་བཏང་མི་འདུག་ཅེས་སྙན་ཐོ་བཏོན། ཕྱི་ཟླ་༥་པའི་ཚེས་༢༣་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་ཤས་གོང་དུ་ཁེ་ན་ཌའི་གསར་འགྱུར་ལས་ཁུངས་ཁག་གིས་གསང་བའི་གནས་ཚུལ་ཕྱི་ལ་གྱར་བ་ཁག་ལུང་དྲངས། ༢༠༡༩་དང་༢༠༢༡་ལོའི་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུ་གཉིས་ལ་རྒྱ་ནག་གིས་ཐེ་ཇུས་དང་ཤུགས་རྐྱེན་ཐབས་བྱས་འདུག རྒྱ་ནག་གི་ཐེ་ཇུས་དེ་ཚོར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དོགས་ཟོན་བྱ་དགོས་ཀྱི་འདུག་ཅེས་གསར་འགྱུར་རིམ་པ་ཞིག་སྤེལ། ད་ལོའི་ཕྱི་ཟླ་༣་པའི་ནང་ཁེ་ན་ཌའི་གཞུང་གིས་རྒྱལ་ཁབ་དེའི་སྤྱི་ཁྱབ་འགན་འཛིན་ཟུར་པ་ཌེ་ཝི་ཌི་ཇཱོན་སི་ཊོན་དམིགས་བསལ་ཞིབ་འཇུག་པར་བསྐོས། ཁོང་ལ་རྒྱ་ནག་གིས་ཁེ་ན་ཌའི་འོས་བསྡུར་ཐེ་ཇུས་བྱས་འདུག་ཅེས་གསང་བའི་གནས་ཚུལ་ཐོན་པ་ཁག་བདེན་པ་ཡིན་མིན་རྩད་གཅོད་བྱ་དགོས་པའི་འགན་བཅོལ།།

ཁེ་ན་ཌའི་དམིགས་བསལ་ཞིབ་འཇུག་པ་ཇཱོན་སི་ཊོན་གྱིས་ངས་ཞིབ་འཇུག་བྱས་པའི་རྒྱུད་རིམ་ཁྲོད་དུ་རྒྱ་ནག་གིས་ཁེ་ན་ཌའི་ཆབ་སྲིད་ལ་ཐེ་ཇུས་བྱེད་ཀྱི་འདུག་ཅེས་གསང་བའི་གནས་ཚུལ་ཐོན་པ་ཁག་ལ་སྲིད་གཞུང་གིས་བསམ་བཞིན་སྣང་མེད་བཏང་བའི་དཔང་རྟགས་སམ། ཡང་ན་གཞུང་འཛིན་གུ་ཡངས་ཚོགས་པར་ཁེ་ཕན་ཐོབ་པའི་ཐག་གཅོད་བྱས་པ་ཅི་ཡང་རྙེད་མ་བྱུང་། ཁེ་ན་ཌའི་བདེ་འཇགས་ལས་ཁུངས་ཁག་གིས་བཏང་བའི་གསང་བའི་གནས་ཚུལ་རྣམས་གཞུང་གི་ལྷན་ཁང་ཁག་ལ་ཡག་པོ་ཞིག་མ་འཕྲོད་པའི་འཐུས་ཤོར་བྱུང་འདུག ཕྱིའི་ཐེ་ཇུས་ཀྱིས་ཁེ་ན་ཌའི་སྲིད་དོན་ཚོགས་པ་ཁག་ཁོ་ན་མ་ཡིན་པར་ང་ཚོའི་དམངས་གཙོའི་ལམ་ལུགས་ཀྱི་རྨང་གཞིར་གཏོར་བརླག་ཐེབས་ཐུབ། དེས་ན་ང་ཚོ་སྲིད་དོན་ཚོགས་པའི་ཕྱོགས་ཞེན་འོག་ནས་ཐར་དགོས། ཕྱིའི་རྒྱལ་ཁབ་ཁག་གིས་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད་པ་ནི་རྒྱལ་སྤྱིའི་དཀའ་ངལ་ཞིག་རེད་ཅེས་བསྒྲགས། རྒྱ་ནག་གཙོས་རྒྱལ་ཁབ་ཁག་ཅིག་གིས་གཞན་གྱི་ཆབ་སྲིད་དང་འོས་བསྡུའི་གྲུབ་འབྲས་སོགས་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་ལས་འགུལ་ཤུགས་ཆེན་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན།།

ཕྱི་ཟླ་༥་པའི་ཚེས་༢༣་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༩་ལོར་ཊོ་རོན་ཊོ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གིས་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུར་འགྲན་ཞུགས་བྱེད་ཀྱི་ཡོད་པའི་འོས་མི་༡༡་ལ་དངུལ་སྒོར་འགྲོ་གྲོན་སྤྲད། དེང་སྐབས་གྲོས་ཚོགས་འཐུས་མི་ཡིན་པའི་གུ་ཡངས་ཚོགས་པའི་འོས་མི་ཞིག་༡༠༡༩་ལོར་རྒྱ་ནག་གི་བཀོད་ཇུས་འོག་ཏུ་ཚུད་ཡོད་སྲིད་པའི་དོགས་པ་ལངས། གྲོས་ཚོགས་འཐུས་མི་དེ་གཞུང་འཛིན་གུ་ཡངས་ཚོགས་པའི་ཁོངས་ནས་ཕྱི་ལ་ཐོན་ཏེ་རང་ཉིད་དཀར་འདོན་བྱ་ཐབས་སུ་འབད། ༢༠༢༡་ལོར་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་ཁེ་ན་ཌའི་འོས་མི་ཁག་ཅིག་ལ་འགྲོ་གྲོན་རོགས་རམ་སྤྲད། རྒྱལ་སྤྱིའི་སློབ་ཕྲུག་དང་བླངས་པ་གླས་ནས་རྒྱབ་སྐྱོར་བྱས། ༢༠༢༡་ལོར་ཁེ་ན་ཌའི་རྙིང་ཞེན་ཚོགས་པའི་གྲོས་ཚོགས་འཐུས་མི་མཱེ་ཁལ་ཆོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་ཀྱི་གྲོས་གཞི་བཏོན། རྒྱ་ནག་གཞུང་གིས་མཱེ་ཁལ་ཆོང་དང་ཁོང་གི་བཟའ་མི་ཚོ་དམིགས་འབེན་དུ་བཟུང་ནས་སྡང་ཟུག་བྱས་པའི་གནས་ཚུལ་ཐོན།།

ཁེ་ན་ཌའི་རྙིང་ཞེན་ཚོགས་པས་༢༠༢༡་ལོའི་འོས་བསྡུར་རྒྱ་ནག་གིས་ཐེ་གཏོགས་བྱས་པ་ང་ཚོས་ཤེས་ཀྱི་ཡོད། སྲིད་བློན་ཊུ་རུ་ཌོའི་གཞུང་གིས་གུ་ཡངས་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུའི་ཆེད་དུ་རྒྱ་ནག་གི་ཐེ་ཇུས་རྣམས་བཀག་མ་སོང་། དེར་བརྟེན་ཁེ་ན་ཌའི་རྙིང་ཞེན་ཚོགས་པར་འོས་བསྡུའི་ཕམ་ཉེས་བྱུང་བ་རེད་ཅེས་སྐྱོན་བཙུགས། ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་སུ་སྲིད་བློན་ཊུ་རུ་ཌོའི་གཞུང་འཛིན་གུ་ཡངས་ཚོགས་པར་གདན་གྲངས་༤༡་མང་བ་ཡོད་ཅིང་། གལ་ཏེ་རྒྱ་ནག་གིས་ཐེ་གཏོགས་བྱས་ནས་ནུས་པ་ཐོན་ཡོད་པའི་དབང་དུ་བཏང་རུང་ཁེ་ན་ཌའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་ལ་འགྱུར་བ་ཐེབས་མེད་པའི་གནས་ཚུལ་ཐོན། ཡིན་ནའང་ཁེ་ན་ཌའི་རྙིང་ཞེན་ཚོགས་པས་རྒྱ་ནག་གི་ཐེ་ཇུས་ལ་ཡོངས་གྲགས་སུ་ཞིབ་འཇུག་བྱ་དགོས་ཞེས་རྩོད་པ་བརྒྱབ། དམིགས་བསལ་ཞིབ་འཇུག་པ་ཇཱོན་སི་ཊོན་གྱིས་ཡོངས་གྲགས་ཞིབ་འཇུག་ལ་ནུས་པ་མི་ཐོན་པ་དང་འགོར་འགྱངས་ཆེ། ངས་མ་འོངས་པའི་ཟླ་བ་ལྔའི་རིང་མི་དམངས་དང་གཞུང་གི་ལས་སྣེ་ཁག ཐེ་ཇུས་བྱུང་ཡུལ་ཁག་ལ་ཉན་ཞིབ་འཚོགས་རྒྱུ་ཡིན་ཞེས་ཐབས་ལམ་བསྟན།།

ཕྱི་ཟླ་༥་པའི་མགོ་སྟོད་དེར་ཁེ་ན་ཌའི་གཞུང་གིས་ཊོ་རོན་ཊོ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་སྐུ་ཚབ་དོན་གཅོད་ཀྲའོ་ཝེ་(Zhao Wei)ཕྱིར་ཕུད་བཏང་བར་མ་ཟད། ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་ཆུང་ཞིག་ནས་རྒྱ་ནག་གི་སྐུ་ཚབ་དོན་གཅོད་ཀྲའོ་ཝེས་གྲོས་ཚོགས་འཐུས་མི་མཱེ་ཁལ་ཆོང་ལ་འཇིགས་སྐུལ་བྱས་ཡོད་མེད་ཐད་ཞིབ་འཇུག ཀྲའོ་ཝེ་ལ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དེ་དང་དེའི་བཟའ་མི་ཚོའི་གནས་ཚུལ་བསྡུ་རུབ་བྱས་པའི་ནག་ཉེས་ཕོག རྒྱ་ནག་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་དུ་བཅའ་སྡོད་ཁེ་ན་ཌའི་དོན་གཅོད་ཁང་གི་སྐུ་ཚབ་དོན་གཅོད་ཕྱིར་ཕུད་བཏང་ནས་ལན་པ་བསློགས། ཁེ་ན་ཌའི་བརྙན་འཕྲིན་ཁང་གིས་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གི་ཆབ་སྲིད་ལ་རྒྱ་ནག་གིས་ཐེ་ཇུས་ཇི་ལྟར་བྱེད་ཀྱི་ཡོད་མེད་བརྟག་དཔྱད་གཟབ་ནན་བྱས་ཤིང་། འཛམ་གླིང་རྒྱལ་ཁབ་གཞན་དང་མ་འདྲ་བར་ཁེ་ན་ཌའི་ས་ཐོག་ཏུ་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚད་ལས་བརྒལ་བ་ཞིག་བཞག་འདུག དེ་ནི་གསང་ཉུལ་དང་ཁེ་ན་ཌའི་ཆབ་སྲིད་ལ་ཐེ་ཇུས་བྱེད་པའི་ཆེད་དུ་རེད་ཅེས་ཐེར་འདོན་བྱས་འདུག

ཕྱི་ཟླ་༥་པའི་ཚེས་༢༢་ཉིན་ཁེ་ན་ཌའི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་འདིའི་ཚེས་༡༧་གྱི་མཚམས་སུ་ཁེ་ན་ཌ་རྒྱལ་ཡོངས་སུ་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་༡༧༦་འདུག ཁོ་ཚོ་རྒྱ་ནག་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁུངས་ཁག་གི་ལས་བྱེད་པ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འཐུས་མི་རེད། ཨ་རིར་རྒྱ་ནག་གིས་ཕྱི་འབྲེལ་མི་སྣ་༢༩༠་འགྲེམ་འཇོག་བྱས་ཡོད་པ་དེའི་འཕྲོ་ནས་ཁེ་ན་ཌར་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་མང་ཤོས་འདུག ཁེ་ན་ཌར་བཅའ་སྡོད་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་མང་ཆེ་བས་གསང་ཉུལ་གྱི་ལས་དོན་སྒྲུབ་ཀྱི་འདུག ཁོ་ཚོ་ཁག་ཅིག་ཚོགས་སྡེ་ཁག་ལ་ལྟ་རྟོག་བྱེད་མཁན་དང་ཁག་ཅིག་རྒྱ་ནག་གི་ཕྱོགས་གཏོགས་སྲིད་དོན་པ་ཚོ་འདེམས་ཐོན་ཡོང་ཐུབ་པའི་ལས་དོན་སྒྲུབ་མཁན་རེད་ཅེས་བཀྲལ། ཁེ་ན་ཌའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཟུར་པ་ཞིག་ནས་རྒྱ་ནག་གིས་ང་ཚོའི་སྲིད་དོན་པ་དང་སྲིད་དོན་ཚོགས་པ་ཁག ཁེ་ན་ཌའི་རྒྱ་མི་རིགས་ཀྱི་ཚོགས་སྡེ་ཁག་ལ་ཤུགས་རྐྱེན་ཚབས་ཆེན་ཞིག་ཐེབས་ཀྱི་ཡོད་པ་གསལ་སྟོན་བྱུང་བ་ནི་ཟུར་ཙམ་ཡིན་སྲིད་ཅེས་བཤད།

ཉམས་ཞིབ་པ་ཚོས་དབྱིན་ཡུལ་ལ་མི་འབོར་ས་ཡ་༦༧.༣་ཡོད་པ་དེའི་ཁོངས་སུ་རྒྱ་མི་རིགས་ས་ཡ་༤་དང་འབུམ་༧་ཡོད་ཀྱང་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་༡༢༤་ལས་མེད་ཅིང་། ཁེ་ན་ཌར་མི་འབོར་ས་ཡ་༣༧་ཡོད་པ་དེའི་ཁོངས་སུ་རྒྱ་མི་རིགས་ས་ཡ་༡.༧་ལས་མེད་ཀྱང་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་༡༧༦་འདུག ཁེ་ན་ཌའི་མི་འབོར་ནི་ཨོ་གླིང་དང་འདྲ་མཚུངས་ཡིན་རུང་རྒྱ་ནག་གིས་ཨོ་གླིང་རྒྱལ་ཡོངས་སུ་ཕྱི་འབྲེལ་མི་སྣ་༦༤་ལས་བཞག་མི་འདུག ཨི་རན་དང་ཨུ་རུ་སུ་གཉིས་ཀྱིས་ཀྱང་ཁེ་ན་ཌའི་ཆབ་སྲིད་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་རུང་ཨུ་རུ་སུའི་ཕྱི་འབྲེལ་མི་སྣ་༧༩་དང་ཨི་རན་གྱི་ཕྱི་འབྲེལ་མི་སྣ་གཅིག་ལས་མི་འདུག རྒྱ་ནག་གིས་ཁེ་ན་ཌར་ཕྱི་འབྲེལ་མི་སྣ་ཧ་ཅང་མང་པོ་འཇོག་དགོས་པའི་རྒྱུ་མཚན་ཅི་རེད་ཅེས་དྲིས། ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་ཆལ་སི་བྷར་ཊོན་གྱིས་ང་ཚོའི་རྒྱལ་ནང་གི་ཁྲིམས་དེ་དམ་པོ་མེད་པས་རྒྱ་ནག་གིས་ཐེ་ཇུས་བྱ་རྒྱུ་སྟབས་བདེ་པོ་ཡོང་གི་ཡོད་པ་རེད་ཅེས་སྨྲས།།

ཁེ་ན་ཌའི་དམིགས་བསལ་ཞིབ་འཇུག་པ་ཇཱོན་སི་ཊོན།
ཁེ་ན་ཌའི་དམིགས་བསལ་ཞིབ་འཇུག་པ་ཇཱོན་སི་ཊོན།

ཁེ་ན་ཌའི་དམིགས་བསལ་ཞིབ་འཇུག་པ་ཌེ་ཝེ་ཌི་ཇཱོན་སི་ཊོན་གྱིས་གསང་བའི་ལས་ཁུངས་ཀྱི་ཡིག་ཆ་ཁག་དང་སྲིད་བློན་གྱི་ཡིག་ཆ་ཁག དེ་བཞིན་བློན་ཆེན་ལྷན་ཁང་ཁག་གི་ནང་ཁུལ་གྱི་ཡིག་ཆ་ཁག་ལ་བལྟས་ནས་དམིགས་བསལ་ཞིབ་འཇུག་དེ་མགོ་བརྩམས། རྒྱ་ནག་གཞུང་གིས་ང་ཚོས་ཁེ་ན་ཌའི་འོས་བསྡུ་ཁག་ལ་ཐེ་ཇུས་གང་ཡང་བྱས་མེད། སྐྱོན་འཛུགས་དེ་ཁུངས་ལུང་མེད་པ་དང་རྒྱ་ནག་ལ་མིང་ཤས་ངན་པ་བཟོ་བའི་དཀྲོག་གཏམ་འབའ་ཞིག་རེད་ཅེས་དགག་པ་བརྒྱབ། ཆལ་སི་བྷར་ཊོན་གྱིས་ཁེ་ན་ཌ་མིག་ལྔའི་གསང་བའི་ལས་ཁུངས་ཏེ། ཨ་རི་དང་དབྱིན་ཇི། ཨོ་གླིང་དང་ནེའུ་ཛི་ལན་ཌི་བཅས་རྒྱལ་ཁབ་ལྔའི་གསང་བའི་ལས་ཁུངས་མཉམ་འབྲེལ་ཁོངས་སུ་ཞུགས་ཀྱང་རྒྱལ་ནང་གི་ཁྲིམས་དེ་དམ་དུ་གཏོང་མ་ཐུབ་ན་རྒྱ་ནག་གིས་ཐེ་ཇུས་བྱ་རྒྱུ་འགོག་ཐུབ་རྒྱུ་ཁག་པོ་རེད་ཟེར། ཁེ་ན་ཌའི་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ཁང་གི་ཚོགས་གཙོ་གཞོན་པ་རོ་བྷར་ཊི་སོན་ནས་རྒྱ་ནག་གིས་ཁེ་ན་ཌའི་ཆབ་སྲིད་ལ་ཐེ་ཇུས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་ཤས་ཆེ་ཞེས་ཉེན་བརྡ་བཏང་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG