ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༢/༢༧

བདུན་ཕྲག་སྔོན་མར་བོད་པ་༡༤༩་ལ་ནད་དུག་འགོས་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་དྲུག་པའི་ཚེས་༡༧་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བསྒྲགས་སྐབས་སུ་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་དེར་རྒྱ་གར་དང་བལ་ཡུལ་དུ་བོད་པ་བཙན་བྱོལ་བ་༡༤༩་ལ་ཏོག་དབྱིབས་ནད་དུག་འགོས་འདུག་ཅིང་། བོད་པའི་གྲས་སུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རག་ཟིན་པའི་སྤྱི་ཡོངས་ཀྱི་བརྒྱ་ཆ་ཁག་གསལ་བསྒྲགས། ཁོང་གིས་ཏོག་དབྱིབས་ནད་དུག་འགོག་ཐབས་གཙོ་བོ་ནི་སྨན་ཁབ་རྒྱག་རྒྱུ་དེ་ཡིན། སྨན་ཁབ་རྒྱག་རྒྱུ་དེར་དོགས་པ་ཡོད་མཁན་ཚོའི་དོགས་པ་སེལ་ཐབས་སུ་འགོག་ཁབ་བརྒྱབ་ཟིན་པ་ཚོས་རང་ལ་ནད་དུག་ཕོག་ཀྱང་ཛ་དྲག་ཆུང་བ། དེ་བཞིན་འགོག་ཁབ་བརྒྱབ་པའི་མི་ཚོར་ནད་དུག་འགོ་དཀའ་སོགས་ངོ་སྤྲོད་བྱས་ནས་སྨན་ཁབ་ལ་ཡིད་ཆེས་འཕེར་བ་ཞིག་བྱེད་དགོས་ཞེས་འབོད་སྐུལ་ཞུས་སོང་།།

འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ཀྱིས་ད་ལྟའི་དུས་སུ་རྒྱ་གར་དང་བལ་ཡུལ་གྱི་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་ཁག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་དེར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་བཞིན་ཡོད། སྨན་ཁབ་རྒྱག་མཁན་དང་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན་ཞེས་བསྒྲགས། བདུན་ཕྲག་སྔོན་མར་ཌེ་ར་དྷུན་གྱི་ས་སྐྱའི་སྒྲོལ་མ་ཕོ་བྲང་གིས་མཐུན་འགྱུར་རོགས་རམ་དང་སྦིར་གཞིས་ཆགས་ཀྱི་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་མཐུན་འགྱུར་རོགས་རམ་འོག་ལོ་ན་༡༨་ ཡན་ཆད་ལ་སོན་པའི་བོད་པ་ཚོར་སྨན་ཁབ་བརྒྱབ།།

ད་སྔ་ལོ་ན་༡༨་མན་ཆད་ཀྱི་ལོ་ཆུང་ཚོར་སྨན་ཁབ་མེད་པས་ལུས་སྲུང་ནུས་ཤུགས་བསྐྱེད་པར་བོད་སྨན་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེང་སྐབས་རྒྱ་གར་ལ་ཉིན་རེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་གསར་པ་ཁྲི་ཚོ་༦་ཙམ་ལས་མེད་པས་མངའ་སྡེ་ཁག་དང་རྫོང་སྡེ་ཁག་གིས་རིམ་བཞིན་འགྲོ་འོང་བཀག་སྡོམ་དང་ཁྱིམ་འགོག་བཀའ་རྒྱ་རྣམས་ཕྱིར་བསྡུ་བྱེད་ཀྱི་ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་པ་ཚོས་རང་ཁྲིམས་རང་སྲུང་དང་རང་འགན་རང་ཁུར་གྱིས་ནད་ཡམས་སྔོན་འགོག་གི་ཐབས་ལམ་རྣམས་མུ་མཐུད་དུ་བསྟེན་རྒྱུ་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་ཞེས་ལམ་སྟོན་གནང་སོང་། ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ན། རྒྱ་གར་དང་བལ་ཡུལ་གཉིས་སུ་ཁྱོན་བསྡོམས་བོད་པ་༤༩༥༡་ལ་ནད་དུག་འགོས་པ་དང་མི་༡༢༦་ལ་འཆི་སྐྱོན། མི་༤༣༣༩་དྲག་སྐྱེད་དང་མི་༤༨༦་ལ་སྨན་བཅོས་བྱེད་བཞིན་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG