ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

འཁྲུངས་སྐར་དུས་སུ་ལྷ་སར་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བཀག་སྡོམ།


༄༅།། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥་ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ལྷ་ལྡན་གཙུག་ལག་ཁང་དུ་མཆོད་མཇལ་ལ་འགྲོ་མཁན་བུད་མེད་ཅིག་ལ་གཙུག་ཁག་གི་ཞིབ་བཤེར་ཉེན་རྟོག་པས་ཉེས་རྡུང་དྲག་པོ་བཏང་ཡོད་པ་དང་འཁྲུངས་སྐར་དུས་ཆེན་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་དང་དེའི་ཉེ་འཁོར་གྱི་ས་གནས་ཁག་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་བཀག་སྡོམ་བྱུང་བའི་གནས་ཚུལ་ཐོན་འདུག

དེ་རིང་ཕྱི་ཟླ་༧་པའི་ཚེས་༩་ཉིན་ས་གནས་ཀྱི་འབྲེལ་ཡོད་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཚེས་༦་ཉིན་གཙུག་ལག་ཁང་ལ་མཆོད་མཇལ་དུ་འགྲོ་མཁན་བུད་མེད་ཅིག་ལ་གཙུག་ལག་ཁང་གི་ཞིབ་བཤེར་བྱེད་མཁན་རྒྱ་མིའི་ཉེན་རྟོག་པས་ཉེས་རྡུང་དྲག་བཏང་སོང་། བུད་མེད་དེས་ཁམས་ཆས་སྤྲས་འདུག ཕལ་ཆེར་མདོ་ཁམས་ཕྱོགས་ཀྱི་མི་ཞིག་ཡིན་ས་རེད། གཙུག་ལག་ཁང་གི་གཡས་གཡོན་ལ་དམག་མི་དང་ཉེན་རྟོག་པ་མང་དུ་བཏང་འདུག བུད་མེད་དེར་ཉེས་རྡུང་གཏོང་དགོས་དོན་ཅི་ཡིན་དང་རྗེས་སུ་ཐག་གཅོད་ཅི་ཞིག་བྱས་ཡོད་མེད་སོགགས་ཤེས་རྟོགས་བྱུང་མ་སོང་ཞེས་འགྲེལ་བརྗོད་བྱས་འདུག
ཕྱི་ཟླ་༧་པའི་ཚེས་༦་ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ལ་ཁེལ་ཡོད་པས་ལྷ་ས་གཙོ་བོར་གྱུར་པའི་ཉེ་འཁོར་གྱི་རྫོང་དང་གྲོང་སྡེ་སོ་སོར་རྒྱ་ནག་གཞུང་གིས་ཕྱི་ཚེས་༤་ནས་བརྡ་ཁྱབ་བཏང་སྟེ་ཕྱི་ཚེས་༦་ཉིན་བསང་གསོལ་དང་རླུང་རྟ་སྒྲོན་པ། རང་ཁྱིམ་དུ་མི་ཚོགས་བསྡུས་ནས་མ་ཎི་འདོན་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གཏན་ནས་སྤེལ་མི་ཆོག གལ་སྲིད་གནས་ཚུལ་ལྷག་ན་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་སོང་། དེ་བཞིན་གྲོང་སྡེ་སོ་སོའི་འགོ་ཁྲིད་རྣམས་ཀྱང་༧གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ཉིན་ཁྱིམ་ཚང་སོ་སོར་ཕྱིན་ནས་ལྟ་རྟོག་བྱས་སོང་། ད་དུང་གྲོང་དང་ལམ་ཁ་གང་སར་དམག་མི་མང་པོ་བཀྲམ་འདུག་ཅེས་བཤད།།

སྔོན་ཆད་འཁྲུངས་སྐར་དུས་ཆེན་ཉིན་ལྷ་སར་དམ་དྲག་ཡོད་ཀྱང་མང་ཚོགས་ཀྱིས་སྔ་པོ་ནས་ལྷ་སའི་བར་སྐོར་དུ་བསང་གསོལ་བྱེད་ཐུབ་ཀྱི་ཡོད་པ་རེད། ད་ལོ་བར་སྐོར་དུ་བསང་གསོལ་གཏན་ནས་བྱེད་ཐུབ་མ་སོང་། སྔོན་ཆད་བརྡ་ཐོ་དེ་རྣམས་གོང་རིམ་ནས་ཡིག་ཐོག་ཏུ་གཏོང་གི་ཡོད་ཀྱང་དེང་སང་ངག་ཐོག་ཏུ་མ་གཏོགས་ཡིག་ཐོག་ལ་འགོད་ཀྱི་མི་འདུག དེའི་རྒྱུ་མཚན་ནི་ཡིག་ཐོག་ལ་བཏང་ན་གནས་ཚུལ་ཕྱི་ལ་ཁྱབ་ཀྱི་ཡོད་པས་རེད་ཅེས་མང་ཚོགས་ཀྱིས་བཤད་ཀྱི་ཡོད་པ་རྣམས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱུང་ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG