ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༠/༡༦

རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཉི་ཧོང་གི་ལས་འགུལ་བ་ཚོ་རྒྱ་ནག་གིས་འགོག་ཐབས་བྱེད་བཞིན་པ།


ཨ་རིའི་ནང་བརྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་འདོན་སྤེལ་བྱས་པའི་ནང་ཉེ་ཧོང་ནང་གནས་འཁོད་རྒྱ་རིགས་མི་སེར་ཚོས་རྒྱ་ནག་གཞུང་ལ་མ་འདོད་པའི་ངོ་རྒོལ་ལས་འགུལ་སོགས་ལ་མཉམ་ཞུགས་བྱ་རྒྱུ་སྔོན་འགོག་ཆེད་དུ་རྒྱ་ནག་གཞུང་གིས་རྒྱ་རིགས་ཉི་ཧོང་གི་མི་སེར་ཚོར་བསུན་རྩིར་དང་འཇིགས་སྐུལ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

དེ་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཉེ་ཧོང་ནང་གནས་འཁོད་ཡུ་གུར་མི་རིགས་དང་ནང་སོག དེ་བཞིན་བོད་མི་སོགས་ཁྱོན་མི་གྲངས་༢༥ ཙམ་ལ་གནས་འདྲི་བྱས་པའི་སྐབས་སུ་རྒྱ་ནག་ནང་ཡོད་པའི་ཁོང་ཚོའི་ནང་མི་ཚོ་བརྒྱུད་ནས་ཁོང་ཚོར་འཇིགས་སྐུལ་དང་ཉེན་བརྡ་བཏང་ཡོད་པ་དང། བོད་མི་དང་ཡུ་གུར་བ་སོགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གཞུང་གི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་བྱ་རྒྱུའི་ལས་འགུལ་སོགས་ལ་མཉམ་ཞུགས་བྱ་རྒྱུ་མེད་པའི་ཉེན་བརྡ་བཏང་འདུག་ཅེས་འགྲེལ་བརྗོད་བྱས་འདུག

སྙན་ཐོའི་ནང་མུ་མཐུད་དེ་འཁོད་དོན་ལ། ཤར་ཏུར་ཀིས་ཐན་ནམ་ཤིན་ཅང་ནང་ཡོད་པའི་ཡུ་གུར་བ་ཚོའི་ནང་མི་བརྒྱུད་ནས་རྒྱ་ནག་གི་ཉེན་རྟོག་པས་ཁོང་ཚོར་འབྲེལ་བ་བྱས་ཏེ་། ཉེ་ཧོང་ནང་རྒྱ་ནག་གཞུང་ལ་མ་འདོད་པའི་ངོ་རྒོལ་ལས་འགུལ་སོགས་ལ་ཁོང་ཚོས་མཉམ་བཞུགས་བྱ་རྒྱུ་མེད་པ་དང། དེ་བཞིན་ཉེ་ཧོང་ནང་ཡོད་པའི་ཡུ་གུར་བའི་སྤྱི་ཚོགས་སྐོར་ལ་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་སྐུལ་མ་དང་ནན་སྐུལ་བྱེད་བཞིན་ཡོད་པ་རེད།

གནད་དོན་དཔྱད་ཞིབ་པས་བཤད་དོན་ལ། གཞི་རྐང་རྒྱ་ནག་གཞུང་གིས་ཉེ་ཧོང་ལ་སོགས་པ་རྒྱལ་ཁབ་གཞན་གྱི་ནང་ཡོད་པའི་མི་སེར་ཚོར་རྡུང་རྡེག་བཏང་རྒྱུ་ལ་མཚོན་པའི་དྲག་སྤྱོད་ལས་འགུལ་བེད་སྦྱོད་བྱེད་ཀྱི་མེད་རུང། ཁོང་ཚོས་རྒྱལ་ཁབ་གཞན་གྱི་ནང་རྒྱ་ནག་ལ་མ་འདོད་པའི་ལས་འགུལ་ལ་མཉམ་བཞུགས་བྱེད་མ་ཐུབ་པ་བཟོ་ཐབས་བྱེད་བཞིན་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ཨེ་ཤེ་ཡའི་སྡེ་ཚན་གྱི་འགན་འཛིན་ཏེ་པེ་ ཀ་སའི་ཡིས་ཨ་རི་རླུང་འཕྲིན་ཁང་ལ་བཤད་དོན་ལ། ཉེ་ཧོང་གཞུང་གིས་དོ་སྣང་མ་ཡོང་བའི་ཆེད་དུ་ཡུལ་དེའི་ནང་གནས་འཁོད་རྒྱ་ནག་ནས་ཡོང་བའི་མི་སྣ་ཚོར་རྒྱ་ནག་གཞུང་གིས་སྤྱང་གྲུང་དོད་པོའི་ཐོག་ནས་དམིགས་འབེན་བྱ་ཐབས་བྱེད་ཀྱི་ཡོད་པ་དང་། དེ་ལྟར་བྱས་པ་ཡིན་ནའང་ཕྱིའི་རྒྱལ་ཁབ་ནང་ཡོད་པའི་མི་མང་ཚོར་རྒྱ་ནག་གཞུང་གིས་འཇིགས་སྐུལ་བྱེད་ཐུབ་གྱི་ཡོད་རེད། རྒྱ་ནག་གཞུང་གིས་རྒྱལ་ཁབ་གྱི་མཐའ་མཚམས་བརྒལ་ཏེ་ཉེ་ཧོང་ནང་གི་རྒྱ་རིགས་མི་སེར་ཚོ་གནོན་སྡོམ་བྱེད་ཐབས་བྱེད་བཞིན་པ་འདིས་ས་གནས་མི་མང་ཚོར་ཤུགས་རྐྱེན་དང་འཇིགས་སྣང་ཆེན་པོ་སྐུལ་གྱི་ཡོད་རེད་ཅེས་གནད་དོན་དཔྱད་ཞིབ་པས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

ཀྲོག་ཡོ་གཙུག་ལག་སློབ་ཁང་གི་རྒྱ་ནག་ཚན་པའི་སློབ་དཔོན་ཏ་མོ་ཀོ་་ཨ་ཀོས་བཤད་དོན་ལ། ཉེ་ཧོང་ནང་ཡོད་པའི་རྒྱ་རིགས་ཉི་ཧོང་གི་མི་སེར་དང་ཧོང་ཀོང་ནས་ཡོང་བའི་ལས་འགུལ་བ་མང་པོས་རྒྱ་ནག་གཞུང་གིས་ཚོར་སྣང་རྐྱེན་པོར་ངོས་འཛིན་བྱེད་གཞིའི་གནད་དོན་ཐད་ལ་ངོ་རྒོལ་བྱ་རྒྱུའི་ལས་འགུལ་སྤེལ་ན། མཉམ་ཞུགས་བྱེད་ཀྱི་ཡོད་མ་རེད། རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུའི་ལས་འགུལ་ལ་མཉམ་ཞུགས་བྱས་ན། རྒྱ་ནག་གིས་ཡ་ལན་སློག་སྲིད་པ་ཁོང་ཚོས་འཇིགས་སྣང་བྱེད་བཞིན་ཡོད་རེད་ཅེས་གསུངས་ཡོད་པ་རེད།

གནད་དོན་འདིའི་ཐད་ཉེ་ཧོང་ནང་གི་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་ལ་ཨ་རི་རླུང་འཕྲིན་ཁང་གིས་འབྲེལ་བ་བྱས་སྐབས་རྒྱ་ནག་གཞུང་ཚབ་ལས་ཁང་གིས་ལན་འདེབས་གང་ཡང་བྱས་མིན་འདུག

ཡང་འདི་ལོའི་ཟླ་བ་བརྒྱད་པར་གནད་དོན་དེ་འདྲ་བོའི་ཐོག་ལ་ཨ་རིའི་རྒྱལ་ས་ལྦ་ཤིན་ཊོན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱིས་བཤད་དོན་ལ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་གུས་བརྩི་བྱེད་ཀྱི་་ཡོད་པ་དང་ཆབས་ཅིག རྒྱལ་ཁབ་སོ་སོའི་རང་དབང་ཅན་གྱི་བདག་དབང་དང་ཁྲིམས་ལུགས་ལ་ཡང་གུས་བརྩི་བྱེད་བཞིན་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་བཤད་དོན་ལ། རྒྱ་ནག་ནང་ཡོད་པའི་ཉེ་ཧོང་ནང་གི་ལས་འགུལ་བ་ཚོའི་ནང་མིར་དམིགས་བཀར་བྱས་ཏེ་རྒྱ་ནག་གཞུང་གིས་ཁོང་ཚོར་འཇིགས་སྐུལ་བྱེད་ཐབས་བྱེད་ཀྱི་ཡོད་པ་རེད།

ཡང་ཉེ་ཧོང་ནང་ཡོད་པའི་སོག་པོའི་ལས་འགུལ་བ་ཞིག་གིས་འགྲོ་བ་མིའི་ཐོབ་ཐོབ་ཐང་ཚོགས་པར་བཤད་དོན་ལ། ཉིན་ཞིག་རྒྱ་ནག་གི་ཉེན་རྟོག་པ་ཚོས་ནང་སོག་ནང་ཡོད་པའི་ཁོང་གི་ནང་མིར་འདྲི་བརྩད་བྱས་ཏེ་ཁོང་ཚོའི་འགྲོ་འོང་རང་དབང་ལ་དམ་བསྒྲགས་བྱས་འདུག་པ་མ་ཟད། ཁོང་ཚོར་ཕྱིར་བསྐྱོད་ལག་འཁྱེར་སྤྲད་མེད་པ་རེད། འདིའི་རྒྱུ་མཚན་ནི། རྒྱ་ནག་གཞུང་གིས་ནང་སོག་ནང་གི་སློབ་ཕྲུག་ཚོར་སོག་སྐད་མ་ཡིན་པར་རྒྱ་སྐད་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་སྲིད་བྱུས་ལ་ངོ་རྒོལ་ལས་འགུལ་ཞིག་ལ་ཁོང་གིས་མཉམ་ཞུགས་བྱས་པར་བརྟེན་ནས་ཁོང་གི་ནང་མིར་དམ་བསྒྲགས་བྱས་པ་ཞིག་ཡིན་པ་རེད།

མིང་སྨོས་འདོད་མེད་པའི་ལས་འགུལ་བ་འདིས་མུ་མཐུད་དེ་བཤད་དོན་ལ། རྒྱ་ནག་ནང་ཡོད་པའི་ཁོང་གི་ནང་མི་ཚོར་རྒྱ་གཞུང་གིས་གནོན་ཤུགས་སྤྲད་པ་འདིར་ཁོང་ལ་མི་འདོད་པའི་མནོང་གྱོད་བྱུང་བཞིན་ཡོད་པ་རེད། ངའི་ནང་མི་ཚོར་ས་གནས་ཉེན་རྟོག་པས་གནོན་ཤུགས་སྤྲད་བཞིན་པར་ཁོང་ཚོར་འཇིགས་སྣང་བྱུང་བཞིན་ཡོད་པའི་འགྲེལ་བརྗོད་བྱས་སྐབས་ངོས་རང་ལ་མི་འདོད་པ་ཆེན་པོ་བྱུང་བཞིན་འདུག་ཅེས་ཁོང་གིས་མུ་མཐུད་དེ་འགྲེལ་བརྗོད་བྱས་འདུག

ཡང་ཉེ་ཧོང་ནང་ཡོད་པའི་ཧོང་ཀོང་གི་ལས་འགུལ་བ་ཨི་རིག་ ལིས་ཨ་རི་རླུང་འཕྲིན་ཁང་ལ་བཤད་དོན་ལ། ཁོང་གིས་ཉེ་ཧོང་ནང་ལས་འགུལ་གང་ལ་མཉམ་ཞུགས་བྱས་པའི་ཐོ་གཞུང་ཞིག་ཧོང་ཀོང་ནང་ཡོད་པའི་ཁོང་གི་ནང་མིར་འབྱོར་ཡོད་པ་དང་འབྲེལ། ཁོང་ཚོས་དེར་དགོངས་སེལ་ཞུ་དགོས་པི་དགོས་འདུན་བཏོན་འདུག་ཅེས་འགྲེལ་བརྗོད་བྱས་འདུག

ཁོང་གིས་བརྗོད་དོན་ལ་ཉི་ཧོང་ནང་གང་བྱས་པ་དེ་ངའི་ནང་མི་ཚོར་དགོངས་སེལ་ཞུ་འཇུག་འདུག་པ་མ་ཟད། ཡོངས་བསྒྲགས་ཐོག་ནས་ང་དང་འབྲེལ་བ་གང་ཡང་མེད་པའི་ཁྱབ་བསྒྲགས་བྱེད་དུ་བཅུག་ཡོད་རེད། ནང་མི་ཚོར་ཡི་གེ་དེ་འབྱོར་བའི་རྗེས་སུ་ངས་ཉེ་ཧོང་ནང་ལས་འགུལ་རིགས་གང་ལ་ཡང་མཉམ་བཞུགས་བྱེད་རྒྱུ་མེད་པ་ཁོང་ཚོས་ང་ལ་སྐུལ་མ་བྱས་བྱུང་ཞེས་ཀྱང་གསུངས་ཡོད་པ་རེད།

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG