ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

རྒྱ་ནག་གི་ཕྱུག་པོ་ཚོ་ཕྱི་ལ་ཕྱིན་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གནོད་སྐྱོན། 


༄༅།། རྒྱ་ནག་གི་ཨ་སྒོར་ས་ཡའི་བདག་པོ་འབྱོར་ལྡན་པ་རྣམས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོར་བྱེད་ཀྱི་ཡོད་པ་ནི་གནས་ཚུལ་གསར་པ་ཞིག་མིན་ཞིང་། ཕྱི་ཟླ་༦་པའི་ཚེས་༡༤་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༣་ལོར་རྒྱ་ནག་གི་འབྱོར་ལྡན་པ་༡༣༥༠༠་ཕྱི་རྒྱལ་ལ་གནས་སྤོར་བྱ་རྒྱུ་དང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་གནོད་སྐྱོན་ཆེན་པོ་འཕོག་རྒྱུའི་ཚོད་དཔག་བྱས་འདུག རྒྱ་ནག་གི་འབྱོར་ལྡན་པ་རྣམས་ཕྱི་རྒྱལ་ལ་གནས་སྤོར་བྱེད་ཀྱི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་ནང་དུ་ཚོང་ལས་ཀྱི་དམ་དྲག་ཆེ་བ་དང་ཞིས་ཅིན་ཕིང་གིས་ཁེ་ལས་པ་ཚོར་གནོན་སྡོམ། རྒྱ་ནག་དམར་ཤོག་ཚོགས་པས་ཚོང་ལས་དང་དཔལ་འབྱོར་ལ་ཐེ་ཇུས་བྱ་རྒྱུ་ཐལ་དྲགས་པ། ཨ་རྒྱའི་འབྲེལ་བ་སྡུག་ཏུ་སོང་། རྒྱ་ནག་དང་ཚོང་གྲོགས་རྒྱལ་ཁབ་ཁག་གི་འགལ་ཟླ་རྣམས་སེལ་ཐུབ་ཀྱི་མེད་པ་བཅས་ལ་ཐུག་འདུག ཞིས་ཅིན་ཕིང་གིས་རྒྱ་ནག་གི་འབྱོར་ལྡན་པ་ཚོའི་མ་རྩ་རྣམས་ཕྱི་ལ་འཁྱེར་མི་ཆོག་ཅེས་བཀག་སྡོམ་བྱས་ནས་དངུལ་སྒོར་གཏོང་ལེན་ལ་ཚད་བཀག་དམ་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་ཧན་ལེ་དང་ཟླ་གྲོགས་ཞེས་པའི་མ་རྩ་འཛུགས་འཇོག་སློབ་སྟོན་ཁང་གིས་ཚོད་དཔག་བྱས་པ་ལྟར་ན། རྒྱ་ནག་པ་༡༣༥༠༠་ཕྱི་རྒྱལ་ལ་གནས་སྤོར་བྱེད་ཀྱི་ཡོད་པ་དེ་ཚོར་ཨ་སྒོར་ས་ཡ་༡་ལྷག་གི་མ་རྩ་ཡོད་ཅིང་། ༢༠༢༢་ལོར་རྒྱ་ནག་གི་འབྱོར་ལྡན་པ་༡༠༨༠༠་ཕྱི་རྒྱལ་ལ་གཏན་སྡོད་གཞིས་ཆགས་སུ་བསྐྱོད། རྒྱ་ནག་གི་དཔལ་འབྱོར་སླར་གསོ་བྱེད་ཐུབ་ཀྱི་མེད་པ་དང་ས་ཁང་ཚོང་ལས་མ་རྩ་བརྡིབས། འཕྲུལ་རིག་ལག་རྩལ་གྱི་བཟོ་ཚོང་ལས་ཁུངས་ཁག་ལ་གཞུང་གིས་དྲག་གནོན་བྱས་ནས་འབྱོར་ལྡན་པ་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་། རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་སྤོར་འདོད་ཆེན་པོ་ཡོད་ཀྱང་པོར་ཆུ་གྷལ་དང་ཨར་ལན་ཌི་སོགས་ནས་ཕྱི་མི་གང་ཞིག་གིས་ཡུ་སྒོར་འབུམ་༥་མ་རྩ་བཙུགས་ན་མི་དེར་ཐོངས་མཆན་སྤྲོད་ཀྱི་ཡོད་པ་མཚམས་བཞག་ཡོད་པའི་གནས་ཚུལ་ཐོན། ཟླ་བ་སྔོན་མར་ནེའུ་ཡོག་གི་ཨལ་ཊ་ར་ཏ་ཞིབ་འཇུག་ཁང་གིས་རྒྱ་ནག་གི་ཨ་སྒོར་ས་ཡའི་བདག་པོ་འབྱོར་ལྡན་པ་བརྒྱ་ཆ་༡༡་ཉུང་དུ་ཕྱིན་འདུག་ཅེས་སྙན་ཐོ་བཏོན།

འཛམ་གླིང་གསར་པའི་རྒྱུ་ནོར་ཞིབ་འཇུག་ཁང་གི་འགན་འཛིན་ཨན་ཌ་རིའུ་ཨ་མོ་ཡེལ་སི་(Andrew Amoils)་ཡིས་འདས་པའི་ལོ་ཤས་ཤིག་ནས་རྒྱ་ནག་ཏུ་རྒྱུ་ནོར་གསོག་རྒྱུ་དཀའ་ངལ་ཇེ་ཆེ་རེད། འབྱོར་ལྡན་པ་ཚོ་ཕྱི་རྒྱལ་ལ་བསྐྱོད་དེ་རྒྱ་ནག་གི་དཔལ་འབྱོར་ལ་གནོད་སྐྱོན་འབྱུང་གི་འདུག་ཅེས་སྨྲས། དེ་བཞིན་རྒྱ་ནག་གི་ཀོང་ཏུང་གི་འབྱོར་ལྡན་པ་ཚོ་ཕྱི་རྒྱལ་ལ་གནས་སྤོར་དང་ཕྱི་རྒྱལ་དུ་ས་ཁང་ཉོ་སྒྲུབ་ཐད་ཀྱི་ལམ་སྟོན་པ་བྷིལ་ལིའུ་(Bill Liu)་ཡིས་༢༠༢༣་དང་༢༠༢༤་གཉིས་ནི་རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཕྱི་རྒྱལ་ལ་གནས་སྤོར་བྱེད་པའི་དུས་སྐབས་ཆེན་པོ་ཞིག་ཏུ་འགྱུར་ས་རེད། རྒྱ་ནག་གཞུང་གིས་གློ་བུར་དུ་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཚམས་བཞག དེང་སྐབས་རྒྱ་ནག་གི་ཁྲོམ་རའི་ནང་དུ་ས་ཁང་ཉོས་ཀྱང་རིན་ཐང་བརླག་གི་ཡོད་པས་ངའི་ཚོང་ཤག་མང་པོར་སེམས་ཁྲལ་ལངས་འདུག སྔོན་ཆད་ང་ཚོར་མི་བཅུ་ཐམ་པས་ཐབས་ཇུས་དྲིས་ཀྱང་མི་གཅིག་ལས་ཕྱི་རྒྱལ་ལ་གནས་སྤོར་བྱེད་ཀྱི་མི་འདུག ད་ལྟ་ཐབས་ཇུས་འདྲི་མཁན་མི་བཅུའི་ནང་ནས་མི་གསུམ་ཡས་མས་རེ་ཕྱི་རྒྱལ་ལ་གནས་སྤོར་བྱེད་ཀྱི་འདུག་ཅེས་བཀྲལ།།

རྒྱ་ནག་ལྷོ་ཕྱོགས་སྔ་དྲའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་སྲིད་གཞུང་གིས་སྒོ་རྒྱ་བསྡམས་པའི་རྗེས་སུ་འབྱོར་ལྡན་པ་ཚོ་སིངྒ་པུར་དང་ཐེ་ལན་ཌི། ཉི་ཧོང་དང་ལྷོ་ཀོ་རི་ཡ། ཝི་ཏེ་ནམ་སོགས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་ཐར་ཐབས་སུ་འབད། རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཕྱི་རྒྱལ་ལ་གནས་སྤོར་གྱི་ཚོང་ལས་དེར་འགྲན་སྡུར་ཚུགས། བྷིལ་ལིའུ་ཡིས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་མ་རྩ་བཙུགས་ནས་གནས་སྤོར་བྱ་རྒྱུ་དེར་རྒྱ་ནག་གི་འབྱོར་ལྡན་པ་ཚོ་ཤིན་ཏུ་དགའ། མ་རྩ་འཛུགས་འཇོག་དང་ས་ཁང་ཉོ་སྒྲུབ་སོགས་ཀྱི་ཆ་རྐྱེན་ལ་གཞིགས་ནས་གནས་སྤོར་ཐོངས་མཆན་ཞིག་འཐོབ་པར་ཨ་སྒོར་ཁྲི་ཚོ་མང་པོ་འགྲོ་གྲོན་གཏོང་དགོས། རྒྱ་ནག་གི་འབྱོར་ལྡན་པ་ཚོ་རང་ཡུལ་དུ་བསྡད་ན་རང་གི་རྒྱུ་དངོས་བརྟན་པོ་མིན་པའི་བློ་འཚབ་ཡོད་པར་མ་ཟད། ལོ་ཤས་གོང་ནས་རྒྱ་ནག་གི་སྤྱི་ཚོགས་སུ་ཚོང་ལས་ཀྱི་གོ་སྐབས་ཇེ་ཆུང་དང་གང་ཅིའི་གནས་སྟངས་སྡུག་འགྲོ་བཞིན་འདུག དེས་ན་རྒྱ་ནག་གི་འབྱོར་ལྡན་པ་ཚོས་རང་གི་དངུལ་སྒོར་རྣམས་བརྟན་ས་ཞིག་ཏུ་འཁྱེར་ཐབས་བྱ་རྒྱུ་ཆོས་ཉིད་རེད་ཅེས་བཤད།།

བྷིལ་ལིའུ་ཡིས་ཨ་མི་རི་ཀས་མ་རྩ་འཛུགས་མཁན་ཚོར་གཏན་སྡོད་གཞིས་ཆགས་པའི་ལག་འཁྱེར་ལྗང་ཁུ་སྤྲོད་ཀྱི་འདུག རྒྱ་ནག་གི་འཕྲུལ་ལས་མཁས་པ་དང་སྨན་པ། ཉམས་ཞིབ་པ་དང་ཤེས་ཡོན་ཅན། ལྷག་པར་དུ་རྒྱ་ནག་གཞུང་གི་རྡུང་རྡེག་ཕོག་པའི་འཕྲུལ་ལས་མཁས་པ་ཚོ་ཨ་རིར་གནས་སྤོར་བྱས་ན་འདོད། ཨ་རི་དང་སིངྒ་པུར་ལ་སྐྱེ་བོ་ལག་རྩལ་ཅན་དང་མི་རྣམ་དཔྱོད་ཅན་རྣམས་མཁོ། ངས་ལོ་འདིར་རྒྱ་ནག་གི་འབྱོར་ལྡན་པ་༣༠་ནས་༤༠་ཡས་མས་ཤིག་ཕྱི་རྒྱལ་ལ་གཏོང་ཐུབ་རྒྱུའི་ཚོང་ལས་ཀྱི་དམིགས་ཚད་བཟུང་ཡོད་ཟེར། ཕྱི་ལོ་༢༠༠༠་ནས་༢༠༡༧་བར་དུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་པོ་ཕྱིན་མོད། འོན་ཀྱང་དེའི་རྗེས་སུ་རྒྱ་ནག་གི་སྤྱི་ཚོགས་སུ་ཨ་སྒོར་ས་ཡའི་བདག་པོ་འབྱོར་ལྡན་པའི་གྲངས་འབོར་འཕེལ་མ་ཐུབ། ༢༠༡༣་ཡས་མས་ནས་རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཕྱི་ལ་ཐར་ཐབས་བྱ་རྒྱུ་མགོ་བརྩམས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༡༣་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་ནས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དམར་ཤོག་ཚོགས་པར་འབྲེལ་བ་འདུག་ཅེས་ཚོང་འབྲེལ་བཅད། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ། ཞིས་ཅིན་ཕིང་གིས་ཧོང་ཀོང་ལ་དྲག་གནོན་བྱས་ནས་མངའ་ཁུལ་དེའི་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་ཕྱིར་བསྡུ། རྒྱ་ནག་གིས་ཐེ་ཝན་ལ་དམག་རྒྱག་རྒྱུའི་སྡིགས་ར་བསྐུལ། སྔ་ལོ་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ཀྱང་རྒྱ་ནག་གིས་ཨུ་རུ་སུའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་འགལ་ཟླ་བྱུང་། ཨ་རིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཕྱིར་ཚོང་ཉམས་ཆག རྒྱ་ནག་གི་སྡེབ་ཚོང་དང་འཐོར་ཚོང་རྣམས་འཕེལ་རྒྱས་འགྲོ་ཐུབ་རྒྱུའི་རེ་ལྟོས་བཅངས་པ་ལྟར་མ་གྲུབ། རྒྱ་ནག་ཏུ་བཙུགས་པའི་ཕྱི་རྒྱལ་གྱི་བཟོ་གྲྭ་རྣམས་རྒྱ་གར་དང་ཝི་ཏེ་ནམ། མ་ལེ་ཤི་ཡ་དང་ཐེ་ཝན་སོགས་ལ་སྤོར་ནས་རྒྱ་ནག་གི་བཟོ་པ་སྟོང་ཕྲག་མང་པོའི་ལས་ཀ་ཤོར། ད་ལྟ་རྒྱ་ནག་ལ་ཕྱི་ནང་གཉིས་ཀྱི་དཀའ་ངལ་སྣ་མང་ཞིག་འཕྲད་བཞིན་པའི་གནས་ཚུལ་ཐོན་འདུག

ན་ནིང་ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་རྗེས་སུ་ཞིས་ཅིན་ཕིང་གིས་སླར་ཡང་ལོ་ལྔར་སྲིད་དབང་འཛིན་རྒྱུའི་ཐག་བཅད། ཏིན་ཞའོ་ཕིང་གིས་ཕྱི་ལ་སྒོ་མོ་ཕྱེ་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཙིགས་སུ་བཟུང་ཡང་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཕྱུག་བདག་ཚོར་མདུན་ལམ་བཟང་པོ་ཞིག་བསྐྲུན་རྒྱུའི་རྟགས་མཚན་མ་ཐོན། རྒྱ་ནག་གི་ཕྱུག་བདག་ཚོས་ཡུ་རོབ་སོགས་ཕྱིའི་རྒྱལ་ཁབ་ཁག་ལ་ཇི་ལྟར་གནས་སྤོར་བྱ་དགོས་མིན་ཐབས་ལམ་བཙལ། རྒྱ་ནག་གི་ཕྱུག་བདག་ཚོར་སྒེར་གྱི་གནམ་གྲུ་ཡོད་པ་དང་ཕྱིར་སྐྱོད་ལག་འཁྱེར་འགའ་རེ་ཡོད་ཅིང་། ཁོ་ཚོས་རང་གི་དངུལ་སྒོར་རྣམས་ཕྱི་རྒྱལ་གྱི་དངུལ་ཁང་ཁག་ཏུ་བཅོལ། སིངྒ་པུར་གྱི་ཀི་ཡ་མེང་ལོ་ཞེས་པའི་བཟོ་ཚོང་ལས་ཁང་ཞིག་གིས་རྒྱ་ནག་གི་ཕྱུག་བདག་ཚོ་ཕྱི་རྒྱལ་ལ་ཐར་ཐབས་ཀྱི་སྲི་ཞུའི་ཚོང་ལས་གཉེར། བཟོ་ཚོང་ལས་ཁང་དེར་རྒྱ་ནག་གི་ས་ཐོག་ཏུ་ལས་བྱེད་པ་༦༠༠༠་ལྷག་ཡོད་པའི་གནས་ཚུལ་ཐོན།།

དབྱིན་ཇིའི་དངུལ་རྩའི་ཚགས་པར་གྱིས་སྐབས་དེར་སླར་ཡང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཐོག་ཏུ་ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་བྱུང་ནས་ཕྱུག་བདག་ཚོར་དཀའ་ངལ་འཕྲད་ཀྱི་ཡོད་པ་ཙམ་མ་རེད། རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་ཞིས་ཅིན་ཕིང་གི་འདོད་པ་ཁོ་ནར་བསྟུན་དགོས་པས་ཕྱི་སྲིད་ཀྱང་འཇམ་པོ་དང་གཞན་ལ་བསྟུན་མཁས་ཤིག་འཛིན་མི་སྲིད། ཞིས་ཅིན་ཕིང་གིས་སྲིད་དབང་གཅིག་སྡུད་དང་དམར་ཤོག་ཚོགས་པའི་དབང་བསྒྱུར་རྒྱུན་འཁྱོངས་བྱ་རྒྱུ་ཨང་དང་པོ་དང་དཔལ་འབྱོར་འཕེལ་རྒྱས་ཨང་གཉིས་པར་བརྩིས། ཇི་སྲིད་ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལམ་ལུགས་དེ་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བསྒྱུར་ན་དེ་སྲིད་དུ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་མི་ཐུབ། རྒྱ་ནག་གི་འབྱོར་ལྡན་པ་ཚོས་རང་གི་མ་རྩ་རྣམས་ཕྱི་རྒྱལ་དུ་བཙུགས་ནས་ཚོང་ལས་ཀྱི་གོ་སྐབས་གསར་པ་དང་འཚོ་བའི་མདུན་ལམ་གསར་པ་ཞིག་མི་འཚོལ་ཐབས་མེད་རེད་ཅེས་གནས་ཚུལ་སྤེལ་འདུག

ཨ་སྒོར་ས་ཡའི་བདག་པོ་འབྱོར་ལྡན་པ་རྣམས་རང་ཡུལ་ནས་ཕྱི་རྒྱལ་ལ་སྤོར་གྱི་ཡོད་པ་ནི་རྒྱ་ནག་འབའ་ཞིག་ག་ལ་ཡིན། ༢༠༢༣་ལོར་ཨུ་རུ་སུའི་འབྱོར་ལྡན་པ་༨༥༠༠་དང་རྒྱ་གར་གྱི་འབྱོར་ལྡན་པ་༧༥༠༠་རང་ཡུལ་དུ་མ་བསྡད་པར་ཕྱི་རྒྱལ་དུ་སྤོར། ཧོང་ཀོང་གི་ཨ་སྒོར་ས་ཡའི་བདག་པོ་༡༠༠༠་ཕྱི་རྒྱལ་དུ་བསྐྱོད། སྔ་ལོ་ཧོང་ཀོང་གི་འབྱོར་ལྡན་པ་༢༤༠༠་ཕྱི་རྒྱལ་ལ་གནས་སྤོར་བྱས་ནས་རྒྱལ་ཁབ་གཞན་གྱི་མི་ཁོངས་སུ་ཞུགས། ཨོ་གླིང་དང་དབྱིན་ཡུལ་ནི་རྒྱ་དཀར་ནག་གཉིས་དང་ཨུ་རུ་སུ་སོགས་ཀྱི་འབྱོར་ལྡན་པ་རྣམས་གནས་སྤོར་བྱ་ཡུལ་དགའ་ཤོས་སུ་གྱུར། དེའི་རྗེས་སུ་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཡིན་ཞིང་། ༢༠༢༣་ལོར་ཨོ་གླིང་ལ་ཕྱི་ནས་འབྱོར་ལྡན་པ་༥༢༠༠་དང་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ལ་ཕྱི་མི་འབྱོར་ལྡན་པ་༤༥༠༠་འབྱོར་ཡོད་པའི་གནས་ཚུལ་ཐོན། ཨ་རིའི་འབྱོར་ལྡན་པ་ཁག་ཅིག་རང་ཡུལ་དུ་མ་བསྡད་པར་ཕྱི་རྒྱལ་ལ་གནས་སྤོར་བྱས་ཀྱང་༢༠༢༣་ལོར་ཕྱི་ལོགས་ནས་ཨ་སྒོར་ས་ཡའི་བདག་པོ་འབྱོར་ལྡན་པ་༢༡༠༠་ཨ་མི་རི་ཀར་བསླེབས། ༢༠༡༩་ལོར་ཨ་མི་རི་ཀར་ཕྱི་མི་ཨ་སྒོར་ས་ཡའི་བདག་པོ་འབྱོར་ལྡན་པ་༡༠༨༠༠་བསླེབས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG