ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་འཕོ་འགྱུར་དང་ཨ་རིའི་གྲོས་ཚོགས་ཀྱི་ཉན་ཞིབ།


རྒྱ་ནག་གི་དཔོན་རིགས་མཐོ་གྲས་ནང་ལ་གློ་བུར་དུ་འཕོ་འགྱུར་བྱུང་བ་དང་། ཡང་ཨ་རིའི་གྲོས་ཚོགས་སུ་ཨ་རིས་རྒྱ་ནག་ལ་སྲིད་ཇུས་གང་འདྲ་འཛིན་བཞིན་པ་ལ་བསྐྱར་ཞིབ་ཀྱི་ཉན་ཞིབ་འཚོགས་པ་བཅས་གཟའ་འཁོར་འདིའི་ནང་ལ་རྒྱ་ནག་གི་ཆབ་སྲིད་ལ་ཐུགས་སྣང་ཅན་ཚོར་དོ་སྣང་གསར་བ་ཞིག་བསླངས་སོང་།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིན་ཀང་ནི་ཞི་ཅིན་ཕིང་གི་ལས་ཡུན་གསུམ་པའི་ཕྱི་སྲིད་བློན་ཆེན་གྱི་ལས་གནས་ལ་བསྐོ་འཇོག་བྱས་ཏེ་ཟླ་བ་བདུན་ལས་སོང་མེད་ཀྱང་། ཚེས་༢༥་ཉིན་རྒྱ་ནག་གཞུང་གིས་ཆིན་ཀང་གནས་དབྱུང་བཏང་ནས་དེའི་ཚབ་ཏུ་རྒྱ་ནག་ཕྱི་སྲིད་བློན་ཆེན་ཟུར་པ་ཝང་དབྱི་བསྐོ་འཇོག་བྱས་པ་བསྒྲགས་ཡོད། རྒྱ་ནག་ནི་དམངས་གཙོའི་རྒྱལ་ཁབ་ཚོ་ལྟར་ལམ་ལུགས་ཁ་གསལ་མེད་པས་ད་ལྟའི་ཆར་ཆིན་ཀང་གནས་དབྱུང་གཏོང་དོན་ལ་མི་རྣམས་ཀྱིས་ཚོད་དཔག་ཙམ་བྱེད་བཞིན་པ་ལས་གཞུང་འབྲེལ་དང་ཡང་ན་བདེན་དཔང་བྱེད་ཐུབ་པའི་རྒྱུ་མཚན་ཞིག་སུས་ཀྱང་ཤེས་རྟོགས་ཐུབ་ཀི་མེད།

ཆིན་ཀང་ནི་རྒྱ་ནག་གི་འགོ་ཁྲིད་ཞི་ཡིས་ཆེད་དམིགས་བསྐོ་འཇོག་བྱེད་པའི་ཤོག་ཁག་ནང་མ་ཞིག་ཡིན་བཞིན་དུ་ཁོ་གློ་བུར་དུ་གནས་དབྱུང་བཏང་བའི་རྒྱ་ནག་དམར་ཤོག་དཔོན་རིགས་མཐོ་གྲས་ནང་ལ་འཕོ་འགྱུར་བྱུང་བ་འདི་ནི་རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞི་བརྟན་པོ་མིན་པ་དང་། ལྷག་པར་དུ་དཔོན་རིགས་ནང་ཁུལ་དུ་འཐབ་རྩོད་ཆེ་བ་སོགས་ཀྱི་བདེན་དཔང་གལ་ཆེན་ཞིག་ཡིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་ཁང་གི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་གསུང་སྐབས། རྒྱ་ནག་གཞུང་གིས་དུས་རབས་གསར་བའི་རྒྱ་ནག་ཅེས་བོས་ཏེ་རྒྱ་ནག་ལ་འགྱུར་བ་ཆེན་པོ་སོང་བར་ཡོང་བསྒྲགས་བྱེད་བཞིན་ཡོད་ཀྱང་། ད་རེས་འདི་ཡིས་ཆབ་སྲིད་འགྲོ་ལུགས་བརྟན་པོ་མེད་པ་བསྟན་པ་དང་། དེ་ནས་གསལ་བསྒྲགས་དེའི་ནང་དུ་ཐག་གཅོད་དེ་གྲོས་ཚོགས་ཀྱི་རྒྱུན་ལས་ཀྱིས་ཐག་གཅོད་བྱེད་པར་བརྗོད་མོད། ཡིན་ན་ཡང་གྲོས་ཚོགས་སམ་མི་མང་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ནི་སྲིད་འཛིན་གྱི་ཆབ་སྲིད་ལག་ཆ་ཡིན་པ་གསལ་བོར་བསྟན་པ། ཡང་རྒྱ་ནག་གི་ཆེས་མཐོའི་ཕྱི་འབྲེལ་མི་སྣ་གར་སོང་ཆ་མེད་གྱུར་བ་ཡིས་རྒྱལ་སྤྱིའི་ནང་ལ་རྒྱ་ནག་གི་ཕྱི་སྲིད་འབྲེལ་ལམ་ཆེས་མཐོང་ཆུང་དུ་སོང་བ་བཅས་རྒྱུ་མཚན་གསུམ་གསུང་སོང་།

དེ་ནས་ཡང་ཉེ་ཆར་ཨ་རིའི་གྲོས་ཚོགས་སུ་ཨ་རི་དང་རྒྱ་ནག་དབར་གྱི་འགྲན་བསྡུར་འཐབ་ཇུས་ཐོག་ལ་གྲོས་ཚོགས་ལས་དོན་ཚོགས་ཆུང་ཞིག་བཙུགས་ཡོད་པ་དེ་ཡིས། བྷ་ཌན་འཛིན་སྐྱོང་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ཐད་ལ་བསྐྱར་ཞིབ་ཀྱི་ཉན་ཞིབ་ཅིག་འཚོགས་ཡོད་ཅིང་། དེའི་ཐོག་ལ་ཇཱོ་ བྷ་ཌན་འཛིན་སྐྱོང་སྲིད་གཞུང་གི་ཕྱི་སྲིད་ལྷན་ཁང་དང་བདེ་སྲུང་ལྷན་ཁང་། ཚོང་འབྲེལ་ལྷན་ཁང་བཅས་ནས་གཞུང་འབྲེལ་སྐུ་ཚབ་གདན་འདྲེན་ཞུས་འདུག

བུ་ཆུང་ཚེ་རིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན།
བུ་ཆུང་ཚེ་རིང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན།

བུ་ཆུང་ཚེ་རིང་ལགས་ཀྱིས་བརྗོད་ན་ཨ་རིའི་གྲོས་ཚོགས་ནང་གི་ཨ་རི་དང་རྒྱ་ནག་གི་འགྲན་སྡུར་འཐབ་ཇུས་ཚོགས་ཆུང་འདི་ནི་ཨ་རིའི་ཁྲིམས་བཟོའི་ནུས་པ་ལྡན་པ་དེ་འདྲ་མིན་ཡང་། ཚོགས་ཆུང་འདི་ནི་ཨ་རིས་རྒྱ་ནག་ལ་ཚོང་དོན་དང་བདེ་སྲུང་། འགྲོ་བ་མིའི་ཐོབ་ཐང་། དམག་དོན་སོགས་ཕྱོགས་མང་པོ་ནས་སྲིད་ཇུས་འཛིན་ཕྱོགས་ལ་ལྟ་རྟོག་བྱེད་མཁན་དང་ཞིབ་འཇུག་བྱེད་མཁན་གསར་དུ་བཙུགས་པའི་ཚོགས་ཆུང་གལ་ཆེན་ཞིག་ཡིན་པ་རེད་ལ། དེ་མིན་ཚོགས་ཆུང་འདི་ཡིས་བྷ་ཌན་འཛིན་སྐྱོང་སྲིད་གཞུང་གིས་ཕྱོགས་མང་པོ་ནས་རྒྱ་ནག་ལ་བསྟུན་མཁས་བྱེད་པའི་སྲིད་ཇུས་དང་ཕྱི་འབྲེལ་མང་པོ་དཔེ་མཚོན་དུ་བཞག་སྟེ་ཐེར་འདོན་དང་། ལྷག་པར་དུ་ཚོང་འབྲེལ་ཐོག་ནས་རྒྱ་ནག་ལ་ཁེ་ཕན་སྤྲད་ཚེ་རྒྱ་ནག་གིས་དྲག་སྤྱོད་སྲིད་དབང་རྒྱ་སྐྱེད་གཏོང་གི་ཡོད་པར་རབ་འདེགས་བྱས་པ་ཡིན་པ་སོགས་ཀྱི་བསམ་ཚུལ་ཡང་བསྟན་ཡོད་པ་སོགས་བུ་ཆུང་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་སོང་།

XS
SM
MD
LG