༄༅།། རྒྱ་ནག་གི་དབང་འཛིན་པ་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོ་རྒྱུ་མང་དུ་གཏོང་དགོས། དེང་སྐབས་རྒྱ་ནག་གི་ས་གནས་ཁག་ཏུ་XBB་ཞེས་འབོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཅིག་ཁྱབ་ཀྱི་འདུག ཕྱི་ཟླ་༦་པའི་ཟླ་དཀྱིལ་དུ་ནད་དུག་ཁྱབ་གདལ་གྱི་ངར་སྒང་དུ་སླེབས་ས་རེད་ཅེས་ཉེན་བརྡ་བཏང་བའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༢༤་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཟླ་བ་རྗེས་མར་བདུན་ཕྲག་རེར་མི་གྲངས་ས་ཡ་༦༥་ཡས་མས་རེར་ནད་དུག་འགོ་ས་རེད། ན་ནིང་ལོ་མཇུག་དེར་རྒྱ་ནག་གི་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་ཕྱིར་བསྡུ་བྱས་པའི་རྗེས་སུ་མི་དམངས་ཀྱི་ལུས་ལ་ནད་འགོག་གི་ཟུངས་ཤུགས་རྒྱས་ཡོད། ཡིན་ནའང་ངོ་བོ་འགྱུར་བའི་XBB་ནད་དུག་ནི་ནད་འགོག་ཟུངས་ཤུགས་ཀྱིས་འགོག་ཐུབ་པ་ཞིག་མ་རེད། རྒྱ་ནག་གི་སྨན་ཁབ་བཟོ་ཚོང་ལས་ཁང་ཁག་གིས་སྨན་ཁབ་གསར་པ་བཟོས་ཡོད་པ་རྣམས་མྱུར་དུ་མཁོ་འགྲེམ་བྱེད་ཐུབ་པ་ཞིག་བྱ་དགོས་ཞེས་ནན་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག
གཟའ་འཁོར་འདིར་རྒྱ་ནག་གི་ནད་ཡམས་བརྟག་དཔྱད་རིག་པ་བ་ཀྲུང་ནན་ཧྲན་(Zhong Nanshan)གྱིས་ཀོང་ཀྲུག་གྲོང་ཁྱེར་དུ་གཏམ་བཤད་བྱས་པ་ལྟར་ན། ཨོ་མཱི་ཀོ་རོན་ལས་མཆེད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་XBB་སྔོན་འགོག་གི་སྨན་ཁབ་གསར་པ་གཉིས་བཟོས་ཟིན། སྨན་ཁབ་དེ་དག་ལ་སྔོན་འགྲོའི་ཆོག་ཀྱང་མཆན་ཐོབ་ཡོད། ད་དུང་ཡང་སྨན་ཁབ་གསར་པ་གསུམ་བཞི་ཞིག་ལ་མྱུར་དུ་ཆོག་མཆན་ཐོབ་ཐུབ་པའི་རེ་བ་ཡོད་ཟེར་བ་ལས་ཞིབ་ཕྲའི་གནས་ཚུལ་གསལ་བཀྲོལ་མ་བྱུང་། ༢༠༢༢་ཀྱི་ལོ་མཇུག་དེར་རྒྱ་ནག་གཞུང་གིས་ལོ་གསུམ་ལ་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་ཤིག་རྒྱུན་འཁྱོངས་བྱས་པ་དེས་ཁུངས་མ་འཁྱོལ། ཞིས་ཅིན་ཕིང་གིས་ནད་འགོག་སྲིད་ཇུས་དེ་ཕྱིར་བསྡུ་བྱས་པའི་རྗེས་སུ་རྒྱ་ནག་གི་མི་འབོར་བརྒྱ་ཆ་༨༥་ཙམ་ལ་ནད་དུག་འགོས། ཟླ་བ་གཉིས་ཡས་མས་ཤིག་ལ་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་འབུམ་ཕྲག་མང་པོ་ཏོག་དབྱིབས་ནད་དུག་གིས་ཤི་སྟེ་ཕུང་པོ་བསྲེག་ས་མ་ཐོབ་པར་ཉི་མ་མང་པོར་ལུས། རྒྱ་ནག་གཞུང་གིས་བསམ་བཞིན་རྒན་རྒོན་ཚོ་འཆི་རུ་བཅུག་པ་རེད་ཅེས་གནས་ཚུལ་ཐོན།།
ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་XBB་ཞེས་འབོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འདི་ཚབས་ཆེན་ཞིག་མ་རེད་ཅེས་མང་ཚོགས་ཀྱི་བློ་ཁ་བདེ་རུ་འགོད་ཐབས་སུ་འབད། སྤྱི་དམངས་འཕྲོད་བསྟེན་མཁས་པ་ཚོས་རྒྱ་ནག་མི་དམངས་ལ་ཤུགས་སྐྱེད་ཀྱི་སྨན་ཁབ་ཡག་པོ་ཞིག་རྒྱག་མ་ཐུབ་ཚེ། རྒྱ་ནག་གི་རྒན་རྒོན་གཙོས་མི་མང་ཕོན་ཆེན་ཞིག་ལ་འཆི་སྐྱོན་འཕོག་རྒྱུའི་ཉེན་ཁ་འདུག་ཅེས་བསྟན། ཧོང་ཀོང་སློབ་གྲྭ་ཆེན་མོའི་སྤྱི་དམངས་འཕྲོད་བསྟེན་སློབ་གླིང་གི་ནད་ཡམས་བརྟག་དཔྱད་རིག་པ་བ་བྷན་ཀོ་ལིང་(Ben Cowling)གིས་མི་ལ་ནད་དུག་འགོས་པའི་གྲངས་འབོར་ཉུང་བ་དང་ཚབས་ཆེན་ཞིག་ཏུ་མ་གྱུར། མི་ལ་འཆི་སྐྱོན་འཕོག་རྒྱུ་ཡང་ཉུང་བ་ཞིག་ཏུ་འགྱུར་སྲིད་ཀྱང་ནད་དུག་འགོ་ཡུལ་མི་གྲངས་དེ་ཧ་ཅང་གི་མང་པོ་རེད། ང་ཚོས་ནད་དུག་གི་ཉེན་ཁ་ཆེ་ཆུང་འབྲིང་ཙམ་རེད་བསམས་ཀྱང་སྤྱི་དམངས་ཀྱི་འཕྲོད་བསྟེན་ལ་ཉེན་ཚབས་ཆེན་པོ་ཞིག་ཏུ་འགྱུར་ཤས་ཆེ་ཞེས་ཉེན་བརྡ་བཏང་འདུག སྔ་ལོ་རྒྱ་ནག་གཞུང་ལ་གྲ་སྒྲིག་མེད་པར་ཏོག་དབྱིབས་ནད་དུག་མཚོ་རླབས་ལྟར་འཕྱུར་དུ་བཅུག་པར་ཁ་རྡུང་དྲག་པོ་ཕོག
པེ་ཅིང་ནད་རིགས་སྔོན་འགོག་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༤་པའི་མཐའ་མཇུག་གི་བདུན་ཕྲག་གཉིས་ཀྱི་རིང་དེར་ཆམ་རིམས་ལས་ཀྱང་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་XBB་མང་བ་ཁྱབ། རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་ཚོས་མི་དམངས་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་འདི་ཉེན་ཚབས་ཆེན་པོ་ཞིག་མ་རེད། ན་ནིང་དགུན་ཁ་ལྟར་སྨན་ཁང་ཁག་ཏུ་ནད་པ་སྙལ་ས་མེད་པ་ཞིག་ཏུ་འགྱུར་མི་སྲིད་ཅེས་ཁག་ཐེག་བྱས། རྒྱ་ནག་གི་སྨན་ཁང་ཁག་ཅིག་གིས་ས་གནས་མི་མང་ལ་ཁ་རས་གྱོན། རྒན་རྒོན་དང་ཟུངས་ཤུགས་ཞན་པ་ཚོ་མི་ཚོགས་གྲས་མ་ཕྱིན་ན་ལེགས་ཞེས་ལམ་སྟོན་བྱེད་ཀྱི་ཡོད་ཅིང་། པེ་ཅིང་གི་སྤྱི་གླིང་ཞིག་གི་ལས་བྱེད་པ་སྟེ། ལོ་ན་༣༣་ལ་སོན་པའི་ཨོ་ལི་ཝི་ཡ་ཀྲང་ཞེས་པ་ཞིག་གིས་ངའི་ལས་རོགས་ཚོར་གཅིག་རྗེས་གཉིས་མཐུད་དུ་ནད་དུག་འགོས་སོང་། ཁོ་ཚོ་ཡུན་རིང་མི་འགོར་བར་ལས་ཀར་ཡོང་ཐུབ་ས་རེད། མི་ཚོས་ནད་པའི་འཁྲིས་སུ་འགྲོ་རྒྱུར་འཛེམ་གྱི་མི་འདུག་ཅེས་བཀྲལ།།
ཧྲེན་ཀྲེན་གྲོང་ཁྱེར་གྱི་གཞུང་གཉེར་བཟོ་གྲྭ་ཞིག་གི་ལས་བྱེད་པ་སྟེ། ལོ་ན་༣༢་ལ་སོན་པའི་ཐན་ཤང་(Tan Xiang)་ཞེས་པ་ཞིག་གིས་ང་ཚོའི་བཟོ་གྲྭས་ནད་དུག་འགོས་པ་རྣམས་རང་ཁྱིམ་དུ་འདུག་དགོས་པའི་སྐུལ་ལྕག་གཏོང་གི་མི་འདུག ཁོ་ཚོས་ནད་དགོངས་ཞུས་པའི་རིང་གི་གླ་ཕོགས་གཅོག་གི་འདུག ང་ཚོ་ཚང་མས་སྔར་རྒྱུན་བཞིན་ལས་ཀ་ལས་ཀྱི་ཡོད། ས་འོག་མེ་འཁོར་དང་ལས་ཁུངས། ཚོང་ཁང་ཆེ་ཁག་སོགས་གང་དུ་ཕྱིན་ཀྱང་ཁ་རས་གྱོན་མི་དགོས་པ་དང་སྟངས་འཛིན་བྱེད་མཁན་མི་འདུག ངའི་ལས་རོགས་ཁག་ཅིག་ལ་XBB་ནད་དུག་འགོས་ཀྱང་ཚབས་ཆེན་པོ་ཞིག་བྱུང་མ་སོང་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། ནན་ཅིང་གི་སློབ་ཆེན་ཞིག་ཏུ་ནད་རྟགས་ཐོན་པའི་སློབ་ཕྲུག་ཚོ་ཟུར་འགོག་བྱས་འདུག་ཅེས་དྲྭ་ལམ་དུ་འཁང་ར་བཤད་ནས་མཆན་བྲིས། སློབ་ཕྲུག་ཁག་ཅིག་གིས་ཟུར་འགོག་བྱས་པ་རྣམས་རང་མོས་ཀྱིས་ཟུར་འགོས་བྱས་པ་དང་སློབ་ཆེན་གྱིས་བཀག་པ་མ་རེད། ཁོ་ཚོས་སློབ་གྲོགས་དང་བཟའ་མི་ཚོར་ནད་དུག་མི་བགོ་བའི་ཆེད་དུ་རང་ཉིད་ཟུར་འགོག་བྱས་པ་རེད་ཅེས་འགྲེལ་བཤད་བྲིས།།
དེབ་ཆུང་དམར་པོ་ཞེས་པའི་དྲྭ་ཚིགས་ཤིག་ཏུ་མི་ཞིག་གིས་ངས་ལོ་གསུམ་ལ་ནད་དུག་དེར་གཡོལ་བ་ཡིན། ངས་ནད་རླབས་ཚབས་ཆེན་འཕྱུར་བ་དེར་གཡོལ་བ་ཡིན། མཐར་ང་ནད་རླབས་གཉིས་པའི་ནང་དུ་ཚུད་སོང་། ང་ནི་ནམ་ཡང་ནད་དུག་འགོ་མི་ཐུབ་པའི་མི་ཁྱད་དུ་འཕགས་པ་ཞིག་ཡིན་པར་མ་ཟད། ངས་འགྲོ་བ་མི་གཞན་རྣམས་སྐྱོབ་ཐུབ་རྒྱུ་རེད་བསམས་མྱོང་། མཐར་ང་ནི་རྦད་དེ་འཕྱུགས་འདུག་ཅེས་ཡིད་ཕམ་གྱི་མཆན་ཞིག་བྲིས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་སྔར་བཞིན་འཛམ་གླིང་གི་ནད་ཡམས་ཚབས་ཆེན་ཞིག་མིན་ཞེས་བསྒྲགས། ཕྱི་ཟླ་༥་པའི་ཚེས་༡༡་ནས་ཨ་མི་རི་ཀས་ཀྱང་ཏོག་དབྱིབས་ནད་དུག་གི་ཛ་དྲག་དུས་སྐབས་མཇུག་སྒྲིལ་བ་ཡིན་ཞེས་གསལ་བསྒྲགས་སྤེལ། ད་ལྟ་རྒྱ་ནག་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པར་འཛམ་གླིང་ཡོངས་ཀྱིས་བློ་འཚབ་བྱ་དགོས་པ་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་༥་པའི་ཚེས་༢༤་ཉིན་ཧྥོར་ཅུན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ནད་རླབས་གཉིས་པ་སྔ་ལོ་ལྟར་ཚབས་ཆེན་ཞིག་ཏུ་འགྱུར་མི་སྲིད་ཀྱང་དེ་ལ་སྣང་ཆུང་གཏོང་མི་ཉན། ནེའུ་ཡོག་འཕྲུལ་རིག་སློབ་གླིང་གི་ཟུང་འབྲེལ་སློབ་དཔོན་ར་ཇ་ན་ར་ཡ་ནན་གྱིས་ཏོག་དབྱིབས་ནད་དུག་ལ་ངོ་བོ་འགྱུར་བ་ཇི་སྙེད་ཅིག་འབྱུང་། དེ་དག་གི་གྲས་སུ་XBB་ནི་ཧ་ཅང་གི་འགོག་དཀའ་བ་ཞིག་རེད། འཛམ་གླིང་རྒྱལ་ཁབ་མང་ཆེ་བར་XBB་ནད་དུག་ཁྱབ་ཟིན་ཡོད་ཀྱང་རྒྱ་ནག་ལ་ད་གཟོད་ཁྱབ་ཀྱི་འདུག རྒྱ་ནག་གི་མི་འབོར་དང་རྒན་རྒོན་གྱི་མི་གྲངས། སྨན་ཁབ་བརྒྱབ་མེད་པ་མང་པོ་ཡོད་པ་བཅས་ཀྱིས་ནད་རླབས་གཉིས་པ་དེ་ཛ་དྲག་ཅན་ཞིག་ཏུ་འགྱུར་སྲིད། རྒྱ་ནག་དང་ས་གནས་གཞན་ཁག་ལ་XBB་ནད་དུག་ཁྱབ་པའི་རྗེས་སུ་ངོ་བོ་འགྱུར་བའི་ནད་དུག་གསར་པ་འབྱུང་སྲིད། རྒྱ་ནག་གི་སྨན་ཁང་ཁག་ཏུ་ནད་པ་མང་དུ་འགྲོ་རྒྱུ་ཡིན་མིན་དང་རྒྱ་ནག་གི་སྨན་ཁང་ཁག་གིས་སྨན་བཅོས་ཡག་པོ་བྱེད་ཐུབ་རྒྱུ་ཡིན་མིན་དེར་གཞི་ནས་བལྟ་དགོས་ཞེས་བཤད་པའི་གནས་ཚུལ་ཐོན།།
ཕྱི་ཟླ་༥་པའི་ཚེས་༢༢་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚོགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། པེ་ཅིང་སློབ་གྲྭ་ཆེན་མོའི་སློབ་དཔོན་ཤེ་ཤའོ་ལེང་(Xie Xiaoliang)་གིས་རེ་ཞིག་རྒྱ་ནག་ལ་ནད་རླབས་ཚབས་ཆེན་ཞིག་འཕྱུར་རྒྱུའི་ཉེན་ཁ་ཆུང་། ལོ་འདིའི་དགུན་ཁར་རྒྱ་ནག་ལ་ནད་རླབས་ཤིག་འཕྱུར་ཉེན་འདུག རྒྱལ་སྤྱིའི་ཞིབ་འཇུག་གཞི་གྲངས་ཁག་ཏུ་ནད་དུག་གཅིག་ནས་ངོ་བོ་འགྱུར་བའི་ནད་དུག་གཞན་ཞིག་མཆེད། ཟླ་བ་ལྔ་རེའི་མཚམས་སུ་ནད་རླབས་གསར་པ་རེ་འཕྱུར་གྱི་འདུག དེས་ན་དགུན་གྱི་དུས་སུ་རྒྱ་ནག་ལ་ནད་རླབས་གསར་པ་ཞིག་འཕྱུར་སྲིད་ཅེས་གཏམ་བཤད་བྱས་པ་འཕྲུལ་རིག་ཚགས་པར་གྱིས་ལུང་འདྲེན་བྱས་འདུག རྒྱ་ནག་གི་ནད་ཡམས་བརྟག་དཔྱད་རིག་པ་བ་ཀྲུང་ནན་ཧྲན་གྱིས་སྨན་ཁབ་གསར་པ་བཟོས་ཡོད་ཟེར་བ་ནི་གཏམ་བཟང་ཞིག་ལོས་ཡིན། འོན་ཀྱང་རྒྱ་ནག་གི་སྨན་ཁབ་དེ་ཚོར་ནད་འགོག་གི་ནུས་པ་ཡོད་མེད་ཐེ་ཚོམ་གྱི་གནས་སུ་ཟད། རྒྱ་ནག་གིས་བཟོས་པའི་སྨན་ཁབ་སྔོན་མ་དེ་ཚོར་ནད་འགོག་གི་ནུས་པ་ཤིན་ཏུ་ཆུང་། ཐ་ན་ཨིན་དུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་ཚོས་རྒྱ་ནག་གི་སྨན་ཁབ་བརྒྱབ་ནས་མི་མང་པོ་ཤི་བའི་གནས་ཚུལ་ཐོན་འདུག