རྒྱ་ནག་གཞུང་གཉེར་གསར་ཁང་ཚོས་སྣེ་ཁྲིད་དེ་རྒྱའི་དྲ་མང་གིས་དབྱིན་ཇིའི་འགྲེམས་སྟོན་ཁང་དུ་ཡོད་པའི་རྒྱ་ནག་གོང་མའི་རིག་དངོས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་ཚུལ་རྒྱལ་ཞེན་གྱི་ཚོར་བ་འཕར་ནས་མཉམ་བསྒྲགས་བྱེད་བཞིན་ཡོད་ཀྱང་། མཁས་པ་དང་ཆེད་ལས་པ་མང་པོས་ད་ལྟའི་རྒྱ་ནག་དམར་ཤོག་གཞུང་གིས་རིག་གནས་གསར་བརྗེ་སོགས་ཀྱི་སྐབས་སུ་རིག་དངོས་གཏོར་བཤིག་བཏང་བའི་ནག་ཉེས་ལ་ངོས་ལེན་མེད་པ། མི་མང་ལ་དགོངས་སེལ་ཞུས་མེད་པ། རྒྱ་ནག་གོང་མའི་རིག་དངོས་ཀྱི་བདག་དབང་རྩོད་རྒྱུའི་ཐོབ་ཐང་མེད་པ། ལྷག་པར་དུ་རྒྱ་ནག་གཞུང་དང་མི་མང་ལ་རིག་དངོས་ཀྱི་རིན་ཐང་ངོ་འཕྲོད་པའི་དུས་ཚོད་ཅིག་ལ་སླེབས་མེད་པའི་དཔྱད་བརྗོད་སྤེལ་འདུག
དབྱིན་ཇིའི་འགྲེམས་སྟོན་ཁང་དུ་ཡོད་པའི་རྒྱ་ནག་གི་རིག་དངོས་རྣམས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་ཞེས་རྒྱ་ནག་གཞུང་གཉེར་གསར་ཁང་གོ་ལའི་དུས་བབ་ཀྱིས་དགོས་མདུན་བཏོན་པ་དེ་ནི་རིག་དངོས་ཉར་ཚགས་པ་ཚོ་རྒོད་བྲོ་བོ་བྱུང་བ་དང། ཡང་རྒྱ་ནག་དམར་ཤོག་གཞུང་གིས་རིག་གནས་གསར་བརྗེ་སྐབས་སུ་ལོ་ངོ་སྟོང་ཕྲག་གི་ཤེས་རིག་དང་བསམ་བློ་མཚོན་པའི་རིག་དངོས་མང་པོ་རྩ་མེད་བཏང་བ་དང་ད་ལྟ་ད་དུང་ཡང་རིག་དངོས་རྫུན་བཟོ་བྱེད་བཞིན་པའི་རང་སྐྱོན་དང་ནག་ཉེས་ལ་བསྐྱར་ཞིབ་མེད་པར་སྐྱོན་བརྗོད་བྱེད་འདུག
དབྱིན་ཇིའི་འགྲེམས་སྟོན་ཁང་གིས་གུན་གསབ་མེད་པར་རྒྱ་ནག་གི་རིག་དངོས་ཕྱིར་སྤྲོད་བྱེད་དགོས་ཞེས་སྤྱི་ཟླ་༨་ཚེས་༢༧་ཉིན་ལ་རྒྱ་ནག་གཞུང་གི་མགྲིན་ཚབ་གསར་ཁང་ལ་ངོས་འཛིན་བྱེད་བཞིན་པའི་གོ་ལའི་དུས་བབ་ཀྱིས་དགོས་མདུན་བཏོན་ཞིང་། དབྱིན་ཇིའི་འགྲེམས་སྟོན་ཁང་ནི་འཛམ་གླིང་གི་རྐུས་རྫས་ཉར་ཚགས་ཁང་ཞིག་དང་རྐུས་རྫས་རིག་དངོས་འགྲེམས་སྟོན་ཁང་ཞིག་རེད་ཅེས་སྐྱོན་འཛུགས་བྱེད་འདུག
གཅིག གོ་ལའི་དུས་བབ་ཀྱི་དགོས་མདུན་དང་རྒྱལ་ཞེན་ཚོར་བ་ལ་སྐུལ་འདེད།
དབྱིན་ཇིའི་འགྲེམས་སྟོན་ཁང་དུ་ཡོད་པའི་རྒྱ་ནག་གི་རིག་དངོས་ཁྲི་གཉིས་དང་སྟོང་གསུམ་ཡོད་པ་དེ་ཚོ་ཇི་སྲིད་དབྱིན་ཇིའི་གཞུང་གིས་ཁྲིམས་མཐུན་དང་གཙང་མ་ཡིན་པ་བདེན་དཔང་བྱེད་མ་ཐུབ་ཚེ་དེ་སྲིད་དུ་རིག་དངོས་དེ་ཚོ་བདག་པོའི་རྒྱལ་ཁབ་གྱི་ཕྱིར་རྩིས་ལེན་བྱེད་རྒྱུའི་ཐོབ་ཐང་ཡོད་ཚུལ་གོ་ལའི་དུས་བབ་ཀྱི་དགོས་མདུན་དེའི་ནང་དུ་བཀོད་ཡོད་པ་ལ། རྒྱ་ནག་དྲ་མང་གིས་རྒྱབ་སྐྱོར་ངང་རྒྱ་ནག་ནང་གི་སྤྱི་ཚོགས་དྲ་ལམ་ཝི་པོ་ཡི་གླེང་གཞི་ཚ་ཤོས་ཁོངས་སླེབས་ཏེ། དབྱིན་ཇིའི་འགྲེམས་སྟོན་ཁང་དུ་སོང་མྱོང་བའི་རྒྱལ་ཞེན་ལྡན་པའི་རྒྱ་མི་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་འགྲེམས་སྟོན་ཁང་དེ་ནས་ཕྱི་ལ་ཐོན་པ་གཅིག་ཀྱང་མེད་ཅེས་དང་། དབྱིན་ཇིའི་འགྲེམས་སྟོན་ཁང་གིས་རྒྱ་ནག་གི་རིག་དངོས་ག་ཚོད་རྐུ་ཉར་བྱེད་ཡོད་དམ་ཞེས་ལ་སོགས་པའི་བརྗོད་གཞི་སྣ་ཚོགས་ལ་རྒྱའི་དྲ་མང་སྟོང་ཕྲག་མང་པོས་རྒྱལ་ཞེན་གྱི་ཚོར་བ་སྟོན་པའི་སྦྱར་ཡིག་འབྲི་བཞིན་འདུག ཡང་དབྱིན་ཇིའི་འགྲེམས་སྟོན་ཁང་དུ་ཡོད་པའི་རྒྱ་ནག་གི་རིག་དངོས་དང་འབྲེལ་བའི་མི་སྣ་བཞེངས་བསྐྲུན་གྱིས་དེ་ཚོས་ཕ་ཡུལ་དྲན་བཞིན་པ་དང་། དེ་ཚོ་རིག་དངོས་འགྲེམས་སྟོན་ཁང་ནས་ཕྱི་ལ་བྲོས་ནས་ཕྱིར་རང་ཡུལ་ལ་ལོག་འདོད་བྱེད་བཞིན་པའི་རྟོགས་བཟོའི་བརྙན་པར་ཞིག་ཡོད་པ་དེ་རྒྱའི་དྲ་མང་ས་ཡ་མང་པོས་འགྲེམས་སྤེལ་བྱེད་བཞིན་འདུག
གོ་ལའི་དུས་བབ་ཀྱིས་རིག་དངོས་བདག་དབང་གི་དགོས་མདུན་བཏོན་པ་དེར་རྒྱ་ནག་གཞུང་གི་ཁ་ཐུག་ལན་འདེབས་ཅི་ཡང་བྱེད་མེད་ལ། ཨ་རིའི་རླུང་འཕྲིན་ཁང་གིས་དབྱིན་ཇིའི་འགྲེམས་སྟོན་ཁང་ལ་གློག་འཕྲིན་རྒྱུད་དེ་འབྲེལ་བ་བྱས་ཀྱང་ཡིག་ལན་འབྱོར་མ་བྱུང་།
གཉིས། རིག་དངོས་ཉར་ཚགས་ཀྱི་ཁོར་ཡུག་ཏུ་གནས་ལུགས་མེད་པའི་བདག་དབང་གླེང་ཏེ་གད་མོ་སློང་བཞིན་པ།
གོ་ལའི་དུས་བབ་ཀྱི་སྐྱོན་འཛུགས་དང་དགོས་མདུན་ལ་རིག་དངོས་ཉར་ཚགས་པ་དང་ཆེད་མཁས་པ་ཚོས་མོས་མཐུན་གནང་གི་མེད་པ་སྟེ་གུན་གསབ་མེད་པར་རིག་དངོས་རྣམས་བདག་པོར་ཕྱིར་སྤྲོད་བྱེད་དགོས་ཞེས་པར་གནས་ལུགས་དང་རྒྱུ་མཚན་མེད་པ། གད་མོ་སློང་བྱེད་ཅིག་དང་དངོས་ཡོད་དང་མི་མཐུན་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་འདུག རྒྱལ་སྤྱིའི་རིག་དངོས་ཉར་ཚགས་པ་གྲགས་ཅན་བརྒྱ་ཡི་ཁོངས་སུ་ཡོད་པའི་ཐེ་ཝན་གྱི་ཚོང་བ་ཚའོ་ཞི་ཁྲིན་ནམ་དབྱིན་མིང་ལ་(Robert Tsao) ཡིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་སྐབས་སུ་བརྗོད་དོན་བྱེད་ན། གོ་ལའི་དུས་བབ་ཀྱིས་གནས་ལུས་མེད་པའི་དགོས་མདུན་འདོན་བཞིན་ཡོད། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་རིག་དངོས་ཕལ་ཆེ་ཤོས་ནི་རྒྱ་ནག་གི་རིག་དངོས་གཏོར་བཅོམ་ལས་ཐར་ཏེ་རྒྱ་མི་རང་གི་ལག་ནས་བཙོང་ནས། རྒྱལ་སྤྱིའི་འགྲེམས་སྟོན་ཁང་སོ་སོས་ཉར་ཚགས་དང་ཞིབ་འཇུག་གི་དོ་སྣང་བྱུང་བ་ཤ་སྟག་ཡིན་པ་རེད།
སྐུ་ཞབས་ཚའོ་ནི་འཕྲུལ་རིག་དང་བརྡ་འཕྲིན་བཟོ་ལས་ཁང་UMC་ཡི་བདག་པོ་ཡིན་ཞིང་ཁོས་བརྡ་འཕྲིན་བཟོ་ལས་བརྒྱུད་དེ་རྒྱུ་འབྱོར་གྱིས་རིག་དངོས་ཉར་ཚགས་བྱེད་བཞིན་པ་ལས། ཐེ་ཝན་གསར་ལམ་ཁག་ཏུ་ཁོའི་རིག་དངོས་ཉར་ཚར་ཚགས་ལ་གནའ་བོའི་ཕོ་བྲང་ཆུང་ཆུང་ཞིག་ཅེས་འབོད་བཞིན་པ་རེད། ཁོས་བརྗོད་ན་རྒྱ་ནག་གི་རྒྱལ་ཐོག་བརྗེ་ཐེངས་རེར་ཆབ་སྲིད་དང་རིག་གཞུང་། ཆོས་ལུགས་སོགས་རྒྱུ་མཚན་མང་པོས་རྒྱལ་ཐོག་སྔོན་མའི་རིག་དངོས་གཏོར་བཅོམ་བྱས་པ་དང་། རྒྱ་ནག་དམར་པོའི་གཞུང་གིས་རིག་གནས་གསར་བརྗེའི་དུས་ཡུན་དེར་རྙིང་བཞི་རྩ་གཏོར་གྱི་ལས་འགུལ་སྤེལ་ནས་བསྐྱར་དུ་རིག་དངོས་གཏོར་བཤིག་བཏང་བ། ད་ལྟ་རྒྱ་ནག་གིས་གནའ་བོའི་རིག་དངོས་ལ་འདྲ་རྫུན་བཅོས་མ་བཟོས་ནས་རྒྱ་ནག་གི་རིག་དངོས་ཀྱི་མཛེས་པ་དང་བརྩི་མཐོང་བརླག་བཞིན་པ་རེད། དེ་ཡང་ཁོང་གིས། རྒྱ་ནག་གི་སྔོན་མའི་གནའ་རྫས་ཀྱི་རིན་གོང་རྦད་དེ་ཟགས་ཟིན། འདི་ནི་འཚབ་ཆེའི་གནད་དོན་ཞིག་རེད། རིག་གཞུང་གི་གཏོར་བཤིག་ཅིག་རེད་ཅེས་བཤད་དེ་ངས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཁོ་ཚོ་ལ་མི་རིགས་རིང་ལུགས་ཀྱི་བཤད་སྟངས་ཤིག་འདུག རྒྱ་ནག་གི་རིག་དངོས་ལ་དགའ་ཞེན་ཅན་ཞིག་དང་རིག་དངོས་ཉར་ཚགས་པ་ཞིག་གིས་ངོས་ནས་བཤད་ཚེ། རྒྱ་ནག་ལ་རིག་དངོས་དེ་ཚོ་ཕྱིར་ལེན་པའི་ཐོབ་ཐང་ཡོད་པ་མ་རེད། ཁོ་ཚོས་རང་གི་རིག་དངོས་གཏོར་བཤིག་གི་ལོ་རྒྱུས་དེ་ཚོར་གི་མེད་པ་མ་ཟད་ད་དུང་ཁོ་ཚོས་རིག་དངོས་རྫུན་མ་བཟོས་ནས་རྒྱ་ནག་གི་རིག་དངོས་ཀྱི་རིན་ཐང་ལ་གནོད་སྐྱོན་བཟོ་བཞིན་པ་སོགས་ལོ་རྒྱུས་ཀྱི་ནག་ཉེས་ལ་ངོས་ལེན་མེད་པ། རྒྱུ་དངོས་ཧམ་པ་དང་འཆར་སྣང་ཙམ་གཙོ་བོ་འཛིན་གི་འདུག་ཅེས་བརྗོད་འདུག
གསུམ། རྒྱ་ནག་གིས་འདྲ་བཤུས་བཟོ་གྲྭ་མང་པོ་བཙུགས་ནས་གནའ་རྫས་ཀྱི་རིན་ཐང་ལ་གནོད་སྐྱོན་བཟོ་བཞིན་པ།
སྤྱི་ལོ་༢༠༡༢ལོར་རྒྱ་ནག་གི་ཡཱ་ཁྲང་སྒྱུ་རྩལ་དྲ་ཚིགས་ཀྱིས་རྒྱ་ནག་གི་རིག་དངོས་རྫུན་བཟོའི་ས་ཁྲ་ཞིག་ཕྱི་བསྒྲགས་བྱས་པ་དེའི་ནང་དུ་གནའ་རྫས་དགེ་རྒན་དང་གནའ་རྫས་ཚོང་བ། གནའ་རྫས་ཉར་ཚགས་པ། རིན་སྤར་ཚོང་སྒྱུར་བ་བཅས་ཀྱི་རྒྱུ་མ་འདྲེས་ནས་རྒྱ་ནག་གི་ཞིང་བ་ཁྲི་ཚོ་མང་པོ་གནའ་རྫས་རིག་དངོས་རྫུན་བཟོ་མཁན་ལ་བསྒྱུར་ཡོད། རྒྱ་ནག་གི་ཆེས་སྤྱིར་བཏང་གི་རིག་དངོས་ཉར་ཚགས་པ་ས་ཡ་བརྒྱད་ནས་དུང་ཕྱུར་གཅིག་ནི་གནོད་ཐེབས་པ་ཡིན་འདུག དེ་བཞིན་གནའ་རྫས་རིག་དངོས་རྫུན་མ་རྣམས་ཕྱི་རྒྱལ་དུ་སླེབས་རྗེས་གང་ཞིག་རྫུན་མ་དང་གང་ཞིག་ངོ་མ་ཡིན་པའི་དབྱེ་འབྱེད་བྱེད་དཀའ་བར་གྱུར་བས། ག་ལེར་རིག་དངོས་ཉར་ཚགས་པ་རྣམས་ཀྱི་དགའ་ཞེན་བརླག་འགྲོ་གི་ཡོད་ལ། དེ་འདྲའི་གནས་བབ་ནས་ཕྱི་རྒྱལ་གྱི་གནའ་རྫས་ཐེབས་རྩ་ཁང་མང་པོས་རྒྱའི་རིག་དངོས་རྣམས་རིན་སྤར་ཚོང་བསྒྱུར་བྱེད་རྗེས་དེང་རབས་རིག་དངོས་ཉར་ཚགས་ལ་བསྒྱུར་བཞིན་པ་རེད།
ཡང་གནའ་རྫས་རིག་དངོས་ཉར་ཚགས་པ་སྐུ་ཞབས་ཚའོ་ཡིས་བརྗོད་ན་རྒྱ་ནག་གི་སྤྱི་ཚོགས་དང་མི་མང་གི་བསམ་བློ་སོགས་ཕྱོགས་མང་པོ་ནས་རིག་དངོས་ཀྱི་རིན་ཐང་ལ་མྱོང་རོལ་དང་བདག་དམ་བྱེད་ཐུབ་པའི་ཚད་ལ་སླེབས་མེད་པ་རེད།
ཁོང་གིས་འགྲེལ་བརྗོད་གནང་བའི་ནང་དུ། རྒྱ་ནག་གི་འགྲེམས་སྟོན་ཁང་ཚོའི་དོ་དམ་བྱེད་སྟངས་ལ་གནད་དོན་ཆེན་པོ་ཡོད་པ་དང་དོ་དམ་པས་གནའ་རྫས་རིག་དངོས་རྐུ་བཞིན་པའི་གནས་ཚུལ་སྣ་མང་ཐོན་པ་དཔེར་ན་སྤྱི་ལོ་༢༠༡༨་ལོར་རྒྱ་ནག་ཀཱང་ཀྲུའུ་སྒྱུ་རྩལ་སློབ་གླིང་གི་དཔེ་མཛོད་དོ་དམ་པས་དུས་ནས་དུས་སུ་འདྲ་བཤུས་རྫུན་མ་འཇོག་ཞོར་རི་མོ་བ་སྐད་གྲགས་ཅན་ཀྲང་ཏ་ཆཱན་དང་ཆི་པེ་ཧྲི་སོགས་ཀྱི་རི་མོ་༡༤༣་རྐུ་ཁྱེར་བྱས་ཡོད་པ་རེད། ད་དུང་རྒྱ་ནག་མི་མང་གིས་གནའ་བོའི་རིག་དངོས་ལ་མྱོང་རོལ་གྱི་ནུས་པ་འདང་གི་མེད་པ་སྟེ་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་ཚོ་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་ཡི་གནའ་གྲོང་ལ་འབྱོར་སྐབས། གཡང་ཌིའི་བཟོས་པའི་ལ་ཕུག་ལྟ་བུར་ལྟ་རྒྱུར་རྔམ་པ་ལས་རྒྱལ་ནོར་གཡང་ཌི་ལ་ལྟ་ཤེས་ཀི་མེད་པ་ལྟ་བུ། ཡང་རྒྱ་ནག་གི་མིས་རིག་དངོས་ལ་ལྟ་དུས་དེའི་རིན་ཐང་དང་བྱེད་ནུས་ལ་མི་ལྟ་བར། དེའི་བདག་དབང་གལ་ཆེ་ཤོས་བརྩི་བཞིན་འདུག དཔེར་ན་དུས་རབས་ཉི་ཤུའི་རྒྱའི་རིག་དངོས་ཚོང་བ་སྐད་གྲགས་ཅན་ལའུ་ཆེན་ཀྲེ་ལ་རྒྱ་ནག་གིས་ད་དུང་ཡང་རྒྱལ་ཚོང་བ་ཞེས་འབོད་བཞིན་ཡོད་མོད། ཡིན་ན་ཡང་སྐུ་ཞབས་ཚའོ་ཡི་བསམ་་པར་ལའུ་ཆེན་ཀྲེ་ཡིས་སྐབས་དེར་ཡོ་རོབ་དང་ཨ་རི་སོགས་སུ་རྒྱའི་རིག་དངོས་དར་སྤེལ་བཏང་བ་ཡིས་ནུབ་ཕྱོགས་སུ་རྒྱ་ནག་ལ་བརྩི་མཐོང་ཅི་ཡང་མེད་པ་ནས་ག་ལེར་རྒྱའི་རིག་དངོས་ལ་དོ་སྣང་དང་ཞིབ་འཇུག་བྱེད་རྒྱུའི་མགོ་བཙུགས་པ་ཡིན་པར་ངོས་འཛིན་གནང་བཞིན་འདུག
ཡང་རིག་དངོས་ནི་དུས་སྐབས་ཤིག་གི་ཤེས་རིག་དེའི་བདེན་པ་དང་སྙིང་རྗེ། མཛེས་སྡུག་བཅས་ཀྱི་ཚབ་མཚོན་ཡིན་པ་རེད་དེ། རྒྱ་ནག་དམར་ཤོག་གཞུང་གིས་སྲིད་དབང་སྲ་བརྟན་ཁོ་ནའི་ཆེད་དུ་ཕྱི་མིར་འཁོན་འཛིན་གྱི་བསམ་བློ་སྤེལ་བ་ལས། རིག་དངོས་གཏོར་བཤིག་གི་ནག་ཉེས་ལ་ངོས་ལེན་མི་བྱེད་པ་དང་། གནའ་རྫས་རྫུན་བཟོའི་བྱེད་བབ་ལ་ངོ་གནོངས་མེད་པ། རྒྱ་ནག་ལ་རྒྱ་ནག་གི་རིག་དགོས་བདག་དབང་ཞེས་པ་ཞིག་གླེང་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པར་བརྗོད་འདུག
བཞི། རྒྱལ་ནང་དྲིལ་བསྒྲགས་དང་འཁོན་འཛིན་སློང་བ།
ཀོང་ཙི་ཧྲིན་ནི་ཁེ་ན་ཌར་གནས་སྡོད་རྒྱ་མི་དཔྱད་བརྗོད་པ་དང་ཡའུ་ཁྲོབ་བརྙན་ལམ་དུ་ཀོང་ཙི་དུས་དཔྱད་ཅེས་པའི་གཙོ་སྐྱོང་བ་ཡིན། ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་གྱིས་གནད་དོན་འདིའི་སྐོར་ལ་བརྗོད་དོན་བྱེད་ན། དབྱིན་ཇིའི་འགྲེམས་སྟོན་ཁང་དུ་ཡོད་པའི་རྒྱ་ནག་གི་རིག་དངོས་དེ་དག་རྐུས་པ་དང་འཕྲོག་པ་རེད་ཅེས་རིག་དངོས་རྐང་གཅིག་གི་བདག་དབང་དང་ཡོང་ཁུངས་ལ་དཔང་རྟགས་མེད་ཅིང་། མི་སྒེར་བའི་ཉར་ཚགས་དང་འགྲེམས་སྟོན་ཁང་ལ་ཞལ་འདེབས་ཕུལ་བ་ལ་སོགས་པའི་གནས་སྟངས་འོག་བདག་པོར་ཕྱིར་སྤྲོད་དགོས་པའི་བཤད་སྟངས་ལ་གནས་ལུགས་མེད་པ་མ་ཟད། ཆིང་རྒྱལ་རབས་མཇུག་སྒྲིལ་བའི་ཁོར་ཡུག་དེའི་ནང་གི་རྒྱ་ནག་གི་རིག་དངོས་རྣམས་ཕྱི་ལ་ཐོན་མེད་ཚེ་མཇུག་འབྲས་གང་འདྲ་ཡིན་མིན་གསམ་ཞིབ་མ་བྱེད་པར་ད་ལྟ་འཛམ་གླིང་གི་འགྲེམས་སྟོན་ཁང་སོ་སོར་ཉར་ཚགས་ཀྱིས་མིའི་རིགས་ཀྱི་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་ལ་ལེགས་སྐྱེས་ཆེན་པོ་བྱུང་ཡོད་པར་སྣང་ཆུང་གིས། རྒྱ་ནག་གི་རྒྱལ་ཞེན་གཙུགས་འཛིན་དང་ཕྱི་མིར་འཁོན་འཛིན་སློང་བཞིན་པའི་རྒྱ་ནག་གི་བྱེད་སྤྱོད་ལ་སྐྱོན་བརྗོད་བྱེད་འདུག
ཁོང་གིས་དུས་རབས་༡༨་དང་༡༩་ཡི་ནང་ལ་རིག་དངོས་ཉར་ཚགས་པ་དང་ཚོང་བ་ཚོས་དབྱིན་ཇིའི་འགྲེམས་སྟོན་ཁང་ལ་ཕུལ་བའི་རིག་དངོས་གལ་ཆེན་ཁག་ཅིག་དཔེར་བརྗོད་དུ་དྲངས་འདུག་ལ། རྒྱ་ནག་དམར་ཤོག་གཞུང་གིས་ཁྱིམ་རྒྱུད་དང་མི་སྒེར་བར་དབང་བའི་རིག་དངོས་བཙན་འཕྲོག་དང་གཏོར་བཅོམ་བཏང་བའི་བདེན་དཔང་ལ། ཀོང་ཙི་ཧྲིན་ཁོང་གི་པ་ལགས་ལ་ཁྱིམ་རྒྱུད་རིམ་པས་རྒྱུད་སྤྲོད་བྱེད་པའི་རྒྱལ་ཁབ་རིམ་པའི་རིག་དངོས་གལ་ཆེན་ཡོད་ཀྱང་། རིག་གནས་གསར་བརྗེ་སྐབས་སུ་རྒྱ་ནག་དམར་ཤོག་གཞུང་གིས་བཙན་ཁྱེར་བྱས་ཏེ་བོར་བརླག་སོང་བ་འགྲེལ་བརྗོད་བྱེད་འདུག དེ་བཞིན་སྲིད་གཞུང་ཞིག་གིས་མངོན་སུམ་འཛེམས་མེད་ཀྱིས་མི་མང་གི་ལག་ནས་རིག་དངོས་བཙན་འཕྲོག་དང་རྐུ་འཁྱེར། གཏོར་བཅོལ་བཏང་བ་སོགས་ལ་ད་ལྟའི་བར་དུ་གུན་གསབ་སྤྲོད་རྒྱུ་དང་དགོངས་སེལ་ཞུས་མེད་པ་ལ། ད་དུང་རྒྱལ་ཁབ་གཞན་གྱིས་ཉར་ཚགས་བྱེད་ཡོད་པར་རིག་དངོས་བདག་དབང་རྩོད་བཞིན་པ་ནི་བཅོས་མ་དང་འཁྲབ་སྟོན་ཞིག་ཡིན་པར་བརྗོད་དེ། རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ལ་ཕྱི་འབྲེལ་ཁ་དམག་བྱེད་སྤྱོད་ལས་རྒྱལ་ཞེན་སྐུལ་སློང་དང་ཕྱི་ལ་འཁོན་སེམས་བསླངས་ནས་རང་གི་རྒྱལ་ཁབ་གང་ལས་གཟེངས་སུ་ཐོན་པར་སྟོན་ཐབས་བྱེད་བཞིན་པར་བརྗོད་འདུག
ལྔ། ད་ལྟའི་རྒྱ་ནག་ལ་གོང་མའི་རྒྱལ་རབས་ཀྱི་ཚབ་བྱེད་དེ་རིག་དངོས་བདག་དབང་གླེང་བའི་ཐོབ་ཐང་ཡོད་དམ།
ཐེ་ཝན་རྒྱལ་ཡོངས་སྒྱུ་རྩལ་སློབ་ཆེན་གྱི་སློབ་དཔོན་ཚིན་སུ་ལཱང་གིས་བརྗོད་ན་རྒྱལ་ཁབ་སོ་སོའི་འགྲེམས་སྟོན་ཁང་དུ་ཡོད་པའི་རིག་དངོས་རྣམས་ཞལ་འདེབས་དང་ཁྲིམས་མཐུན་ཉོ་སྒྲུབ་ལས་བྱུང་བ་ཡོད་ལ། ཡང་འཕྲོག་བཅོམ་ལས་བྱུང་བའི་རིག་དངོས་ཡོད་པ་ཡང་བདེན་པ་ཡིན་པ་རེད། ཡིན་ན་ཡང་སྒྱུ་རྩལ་ཐོན་རྫས་རྣམས་མ་གཞི་ནས་འབྱོར་ལྡན་དང་དབང་ཆེན་ཚོའི་ལག་ལ་ཡོང་སླ་བ་ཡོད་ཅིང་། དུས་རབས་༡༩་ལ་དམག་འཁྲུག་གི་ཟིང་ཆ་ཆེ་དུས་སུ་རྒྱལ་ཁབ་ཕན་ཚུན་གྱི་ལག་ལ་ཤོར་བའི་རིག་དངོས་ནི་རྙོག་འཛིང་ཆེ་བ་མ་ཟད། བཙོང་བ་དང་གཡོ་ལེན་བྱེད་པ། འཕྲོག་པ་ཅི་ཡིན་ལ་ལོ་རྒྱུས་ཀྱི་བདེན་དཔང་མེད་ཅིང་། ཆབ་སྲིད་ཀྱི་དགོས་མཁོའི་བརྗེ་ལེན་བྱུང་ན་མ་གཏོགས། རྒྱལ་ཁབ་སོ་སོའི་འགྲེམས་སྟོན་ཁང་དུ་ཡོད་པའི་རིག་དངོས་ཕན་ཚུན་བརྗེ་ལེན་བྱེད་རྒྱུའི་མགོ་བཙུགས་མེད་པ་སྟེ། གལ་ཏེ་མགོ་བཙུགས་ཚེ་མཇུག་རྫོགས་ཁག་པོ་ཡིན་པ་རེད།
དགེ་རྒན་ཆེན་མོ་ཚིན་སུ་ལཱང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་ན་གལ་ཏེ་དབྱིན་ཇིའི་འགྲེམས་སྟོན་ཁང་ནས་རིག་དངོས་བདག་དབང་རྩོད་ན་རིག་དངོས་ཡོང་ཁུངས་ཀྱི་བདེན་དཔང་དགོས་པ་རེད་དེ། བདེན་དཔང་ཡོད་ཀྱང་ལམ་ལྷོང་ཡོང་ཁག་པོ་སྟེ། ད་ལྟའི་རྒྱ་ནག་ལ་ཆིང་རྒྱལ་རབས་དང་མིན་རྒྱལ་རབས་སོགས་ཀྱི་ཚབ་བྱེད་དེ་རིག་དངོས་དེ་ཚོའི་བདག་དབང་གླེང་རྒྱུའི་ཐོབ་ཐང་ཡོད་མེད་གནད་འགག་ཅིག་ཡིན་པ་རེད་ལ། ཁོང་གིས། ད་ལྟའི་རྒྱ་ནག་གཞུང་གིས་ཆིང་རྒྱལ་རབས་ཀྱི་ཚབ་བྱེད་ཐུབ་བམ། ཡང་ཆིང་རྒྱལ་ཁབ་ཀྱིས་མིན་རྒྱལ་རབས་ཀྱི་ཚབ་བྱེད་ཐུབ་བམ། གཞུང་སྲིད་འགྱུར་བ་འགྲོ་བཞིན་པ་ཡིས་རིག་དངོས་བདག་དབང་གླེང་ཁག་པོ་ཆགས་ཀི་ཡོད་ཅེས་བརྗོད་འདུག
དགེ་རྒན་ཆེན་མོ་ཚིན་སུ་ལཱང་ནི་དབྱིན་ཇིའི་ལེ་སེ་ཌར་གཙུག་ལག་སློབ་ཆེན་གྱི་འགྲེམས་སྟོན་རིག་པའི་འབུམ་རམས་པའི་བསླབ་པ་མཐར་སོན་མཁན་དང་རྒྱ་ནག་གི་འགྲེམས་སྟོན་ཁང་ཁག་ཏུ་ལོ་ངོ་༢༠་ལྷག་ལ་ཞིབ་མཇུག་གནང་མྱོང་མཁན་ཞིག་རེད། ཁོང་གིས་བརྗོད་དོན་ལྟར་ན། རིག་དངོས་ཉར་ཚགས་ལ་དཔལ་འབྱོར་གྱི་འགྲོ་གྲོན་དང་འཆར་གཞི། འཇོན་ཐང་བཅས་འཛོམས་དགོས་པ་ལས། སྤྱི་ལོ་༢༠༠༠་ལོ་ནས་རྒྱ་ནག་གི་ལག་རྩལ་དང་དཔལ་འབྱོར་འཕུར་བ་ལྟར་ཡར་རྒྱས་བྱུང་བ་ཡིས་རྒྱ་ནག་གི་འགྲེམས་སྟོན་ཁང་ཆེན་པོ་ཁ་ཤས་ཤིག་ལ་རིག་དངོས་སྲུང་སྐྱོབས་ཀྱི་ནུས་པ་ཡོད་སྲིད། ཡིན་ན་ཡང་འགྲེམས་སྟོན་ཁང་ཆུང་འབྲིང་ཁག་ལ་ད་དུང་དེའི་ནུས་པ་མེད་པ་མ་ཟད། རིག་དངོས་སྲུང་སྐྱོབ་ནི་ཕྱིའི་རྣམ་པས་ནུས་པ་འདང་བ་ཙམ་མིན་པར། ཤེས་ཡོན་དང་ལྡན་པ་དགོས་པ་རེད་ལ། ཡང་རྒྱ་ནག་གི་རིག་དངོས་འགྲེམས་སྟོན་གྱི་ལས་དོན་ལ་ཆབ་སྲིད་ཀྱི་སྟངས་འཛིན་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་བ། རིག་དངོས་ལ་འཛིན་པའི་བརྩི་མཐོང་ཞན་པ་བཅས། ཡོ་རོབ་དང་ཨ་རི་ལྟ་བུའི་འགྲེམས་སྟོན་ཁང་ཁག་གི་དོ་དམ་ཚད་ལྡན་དང་རྒྱལ་སྤྱིའི་རང་བཞིན་གྱི་ཆེས་མཐོང་ལྡན་པ་བཅས་དང་བསྡུར་ཐབས་མེད་པ་རེད།