ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

སྲིད་བློན་ཧུན་སེན་གྱིས་དགོངས་པ་ཞུ་རྒྱུ་དང་བུ་རྒན་པ་རྗེས་འཛིན་པར་བསྐོས། 


ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུ་སེན་དང་བུ་རྒན་པ་ཧུན་མ་ནེ་
ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུ་སེན་དང་བུ་རྒན་པ་ཧུན་མ་ནེ་

༄༅།། འདས་པའི་ལོ་༣༨་ལ་སྲིད་དབང་བཟུང་བའི་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུ་སེན་གྱིས་དགོངས་པ་ཞུ་རྒྱུ་དང་བུ་རྒན་པ་ཧུན་མ་ནེ་རྗེས་འཛིན་པར་བསྐོ་རྒྱུའི་གསལ་བསྒྲགས་སྤེལ་འདུག ཕྱི་ཟླ་༧་པའི་ཚེས་༢༦་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ནས་བདུན་ཕྲག་༣་གྱི་རྗེས་སུ་སྲིད་བློན་ཧུན་སེན་རང་གི་ལས་གནས་ནས་དགོངས་པ་ཞུས་ཏེ་བུ་རྒན་པ་ཧུན་མ་ནེ་ལ་སྲིད་བློན་གྱི་གོ་གནས་རྩིས་སྤྲོད་བྱ་རྒྱུ་ཡིན། ངས་རྒྱལ་པོ་ནོ་རོ་ཌོམ་སི་ཧ་མོ་ཎི་མཆོག་ལ་སྙན་སེང་ཞུས་ཏེ་རྒྱལ་པོས་བཀའ་འཁྲོལ་ཐོབ་ཡོད་ཅེས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་བསྒྲགས། ཁ་སྔོན་གཟའ་ཉི་མར་ཁེམ་བྷོ་ཌི་ཡར་སྤྱི་ཡོངས་འོས་འདེམས་བྱས་ནས་ཧུན་མ་ནེ་གྲོས་ཚོགས་འཐུས་མིར་འདེམས་ཐོན་བྱུང་བ་དང་ཁེམ་བྷོ་ཎི་ཡའི་མི་དམངས་ཚོགས་པར་ཕྱོགས་ལས་རྣམ་པར་རྒྱལ་བའི་འོས་བསྡུའི་རྒྱལ་ཁ་ཐོབ། སྲིད་བློན་ཧུན་སེན་གྱིས་༡༩༨༥་ནས་ཁེམ་བྷོ་ཌི་ཡའི་སྲིད་དབང་བཟུང་། ཁོང་གི་བུ་རྒན་པ་ཧུན་མ་ནེ་ལོ་༤༥་ཡིན་པ་དང་ཁེམ་བྷོ་ཌི་ཡའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པའི་གོ་གནས་བཟུང་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱལ་པོ་ནོ་རོ་ཌོམ་སི་ཧ་མོ་ཎི་
རྒྱལ་པོ་ནོ་རོ་ཌོམ་སི་ཧ་མོ་ཎི་

ཁེམ་བྷོ་ཌི་ཡའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ལ་ཁྱོན་བསྡོམས་འཐུས་མི་༡༨༧་གྱི་གདན་གྲངས་ཡོད་པ་དེའི་ཁོངས་སུ་གྲོས་ཚོགས་འོག་མར་འཐུས་མི་༡༢༥་དང་གྲོས་ཚོགས་གོང་མར་འཐུས་མི་༦༢་ཀྱི་གདན་གྲངས་ཡོད་ཅིང་། གཟའ་མཇུག་གི་འོས་བསྡུའི་སྐབས་སུ་སྲིད་བློན་ཧུན་སེན་གྱི་ཁེམ་བྷོ་ཌི་ཡ་མི་དམངས་ཚོགས་པར་གྲོས་ཚོགས་འཐུས་མི་༡༢༠་ཐམ་པའི་གདན་གྲངས་ཐོབ། སྲིད་བློན་ཧུན་སེན་གྱིས་དབུས་འོས་བསྡུ་ལྷན་ཁང་གིས་མཐའ་མའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་རྗེས་སུ་ཧུན་མ་ནེ་སྲིད་བློན་ལ་བསྐོ་བཞག་བྱ་རྒྱུ་ཡིན། ཕྱི་ཟླ་༨་པའི་ཚེས་༢༢་ཉིན་སྲིད་གཞུང་གསར་པ་བཙུགས་ནས་ཁེམ་བྷོ་ཌི་ཡའི་སྲིད་བློན་དང་གཞུང་གི་བློན་ཆེན་རིམ་པའི་གོ་གནས་དེ་དག་མི་རབས་གསར་པ་ཚོས་འཛིན་དགོས་ཞེས་གསལ་བསྒྲགས་སྤེལ། ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་གྱིས་རང་གི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ཡིན་མོད། འོན་ཀྱང་ཉམས་ཞིབ་པ་ཚོས་ཧུན་སེན་གྱིས་སྔར་བཞིན་ཁེམ་བྷོ་ཌི་ཡའི་ཆབ་སྲིད་འཛིན་སྐྱོང་ལ་ཐེ་ཇུས་བྱ་རྒྱུ་དང་ཁོ་པ་གྲོས་ཚོགས་གོང་མའི་ཚོགས་གཙོར་བསྐོ་བཞག་བྱ་རྒྱུའི་ཚོད་དཔག་བྱེད་འགོ་ཚུགས།།

ཨ་མི་རི་ཀས་ཁེམ་བྷོ་ཌི་ཡའི་གཞུང་གིས་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་ལ་དམ་དྲག་བྱས་པ་དང་གཞུང་འཛིན་ཚོགས་པ་གཅིག་པུར་འོས་བསྡུའི་རྒྱལ་ཁ་ཐོབ་ཐུབ་པའི་གོ་སྐབས་བསྐྲུན། འདི་ནི་དྲང་སྙོམས་དང་རང་དབང་། དམངས་གཙོའི་འོས་བསྡུ་ཞིག་གཏན་ནས་མ་རེད། ཁེམ་བྷོ་ཌི་ཡའི་དམངས་གཙོའི་ལམ་ལུགས་ཉམས་ཞན་དུ་གཏོང་མཁན་ཚོ་ཨ་མི་རི་ཀར་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་མིན། ཨ་རིས་ཁེམ་བྷོ་ཌི་ཡར་རོགས་སྐྱོར་སྤྲོད་རྒྱུ་ངང་འཐེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཤིང་། དེ་བཞིན་ཡུ་རོབ་མཉམ་འབྲེལ་གྱིས་ཁེམ་བྷོ་ཌི་ཡའི་གཞུང་གིས་ཕྱོགས་འགལ་ཚོགས་པར་སྤྱི་དམངས་ཀྱི་ཐོབ་ཐང་དང་འོས་བསྡུའི་ཐོབ་ཐང་མ་སྤྲད་པར་འོས་བསྡུ་བྱས་པ་དེ་དྲང་སྙོམས་ཤིག་མ་རེད་ཅེས་སྐྱོན་བརྗོད་བྱས་འདུག ཁེམ་བྷོ་ཌི་ཡ་གཞུང་འཛིན་མི་དམངས་ཚོགས་པས་ང་ཚོར་མི་དམངས་ཀྱིས་སླར་ཡང་ལོ་ལྔར་སྲིད་དབང་འཛིན་ཆོག་པའི་དབང་བསྐུར་སོང་ཟེར། ༢༠༡༣་ལོར་ཁེམ་བྷོ་ཌི་ཡའི་རྒྱལ་ཡོངས་ཉེན་སྐྱོབ་ཚོགས་པས་ཁ་གཏད་བཅག་ནས་གཞུང་འཛིན་མི་དམངས་ཚོགས་པར་ཕམ་ཉེས་འབྱུང་རྒྱུའི་ཉེན་ཁ་ཕྲད། སྲིད་བློན་ཧུན་སེན་གྱིས་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོ་མགོ་བོ་མནན། མཐའ་མཇུག་ཁེམ་བྷོ་ཌི་ཡའི་ཁྲིམས་ཁང་གིས་ཕྱོགས་འགལ་ཚོགས་པ་མེད་པར་བཏང་བའི་གནས་ཚུལ་ཐོན་འདུག

ཉམས་ཞིབ་པ་མང་པོས་ཁེམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་གྱི་བུ་རྒན་པ་ཧུན་མ་ནེ་ནུབ་ཕྱོགས་ནས་སློབ་སྦྱོང་ཐོན། ཁོ་པས་ཨ་རིའི་ཝེ་སི་ཊི་པོ་དབྱིན་ཊི་དམག་དོན་སློབ་གྲྭར་ཉེ་བའི་གཙུག་ལག་རབ་འབྱམས་པ་དང་ནེའུ་ཡོག་སློབ་གྲྭ་ཆེན་མོར་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་བྱས་ཡོད་པར་མ་ཟད། དབྱིན་ཇིའི་བྷ་རི་སི་ཊོལ་སློབ་སློབ་གྲྭ་ཆེན་མོར་དཔལ་འབྱོར་རིག་པའི་འབུམ་རམས་པ་ཐོན། དེར་བརྟེན་ཧུན་མ་ནེ་རང་གི་ཨ་ཕ་ཧུན་སེན་དང་མ་འདྲ་བར་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་བཟང་པོ་འཛིན་པའི་སྲིད་བློན་ཞིག་ཏུ་འགྱུར་སྲིད་པའི་རེ་ལྟོས་བཅངས། རྒྱལ་ས་ནོམ་ཕེན་གྱི་འབྱུང་འགྱུར་གླེང་སྟེགས་ཁང་གི་ཚོགས་གཙོ་ཨུ་ཝི་རག་གིས་ཧུན་མ་ནེས་སྲིད་དབང་བཟུང་བའི་རྗེས་སུ་ཁེམ་བྷོ་ཌི་ཡའི་སྲིད་ཇུས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་ཐུབ་རྒྱུ་ཁག་པོ་རེད། ཁེམ་བྷོ་ཌི་ཡའི་འགོ་ཁྲིད་ཚོའི་རྣམ་པ་དེར་འགྱུར་བ་ཆེན་པོ་ཞིག་ཐེབས་ནས་མི་རབས་གསར་པ་རྣམས་སླེབས་ཀྱི་རེད། ཧུན་སེན་གྱིས་ཁེམ་བྷོ་ཌི་ཡའི་སྲིད་ཇུས་ལ་འགྱུར་བ་གཏོང་དུ་འཇུག་དཀའ། ཡིན་ནའང་ཁོ་པ་ཕྱེད་བགྲེས་ཡོལ་དུ་ཕྱིན་པའི་རྗེས་སུ་སྲིད་སྟེགས་སུ་ཕྱིར་ལོག་བྱ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་ཅེས་བསྟན།།

དུས་རབས་སྔོན་མའི་ལོ་རབས་༧༠་ནང་དུ་ཕོལ་ཕོ་ཐེའི་འགོ་ཁྲིད་འོག་ཁེམ་བྷ་ཌི་ཡར་ཁུ་མེར་རུ་ཇཱི་དམར་ཤོག་སྲིད་གཞུང་ཚུགས། ཁུ་མེར་རུ་ཇཱི་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཁེམ་བྷོ་ཌི་ཡའི་མི་མང་ས་ཡ་༢་དང་ཕྱེད་ཀ་ལྷག་བསད། ༡༩༧༩་ལོར་ཁྱིམ་མཚེས་རྒྱལ་ཁབ་ཝི་ཏེ་ནམ་གྱིས་ཁེམ་བྷོ་ཌི་ཡར་དམག་བརྒྱབ་ནས་ཕོལ་ཕོ་ཐེས་འགོ་ཁྲིད་པའི་ཁུ་མེར་རུ་ཇཱི་དམར་ཤོག་སྲིད་གཞུང་མགོ་རྟིང་བསློགས། ཁུ་མེར་རུ་ཇཱི་དམར་ཤོག་སྲིད་གཞུང་གི་དུས་སུ་ཧུན་སེན་འབྲིང་རིམ་དམག་དཔོན་ཞིག་ཡིན་ཞིང་། ཝི་ཏེ་ནམ་གྱིས་ཁེམ་བྷོ་ཌི་ཡར་སྲིད་གཞུང་གསར་པ་ཞིག་བཙུགས་པ་དེའི་ཁོངས་སུ་ཧུན་སེན་མཐོ་རིམ་འགོ་ཁྲིད་ཅིག་ཏུ་གྱུར། ཧུན་སེན་ནི་གཡོ་ཁྲམ་ལ་བྱང་ཆུབ་པ་དང་སྐབས་འགར་ཡ་ང་སྙིང་རྗེ་མེད་པའི་སྲིད་དོན་པ་ཞིག་ཡིན་པས་དམངས་གཙོའི་མིང་ཐོག་ཏུ་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་བཙུགས་ནས་དབང་ལུང་བསྒྱུར། ཉེ་བའི་ལོ་ཤས་ཤིག་ནས་ཧུན་སེན་གྱིས་རྒྱ་ནག་ལ་འབྲེལ་བ་དམ་ཟབ་བཟུང་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཁེམ་བྷོ་ཌི་ཡའི་འབྲེལ་བ་སྡུག་ཏུ་སོང་།།

ཕྱི་ཟླ་༧་པའི་ཚེས་༢༦་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་ཧུ་སེན་གྱི་མཉམ་དུ་ཁེམ་བྷོ་ཌི་ཡའི་རྒྱལ་སྲུང་བློན་ཆེན་དང་སྲིད་བློན་གཞོན་པ་སོགས་འགོ་ཁྲིད་རྒན་རབས་པ་མང་པོས་རང་རང་གི་ལས་གནས་ཁག་ནས་དགོངས་པ་ཞུས། ཧུན་སེན་སོགས་ཁེམ་བྷོ་ཌི་ཡའི་མཐོ་རིམ་འགོ་ཁྲིད་རྒན་པ་ཚོའི་བུ་རབས་ཚ་རྒྱུད་༣༠་ཡས་མས་ཤིག་རྒྱལ་ཁབ་དེའི་འགོ་ཁྲིད་གསར་པ་ཚོའི་གྲས་སུ་བསྐོ་བཞག་བྱ་རྒྱུའི་ཐག་བཅད། རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཆང་པོར་ཨུན་གྱིས་མི་རབས་རྒན་པའི་དུས་རབས་དེ་མཇུག་སྒྲིལ་གྱི་འདུག སྲིད་དོན་ཚོགས་པ་དེའི་དམིགས་ཡུལ་ནི་སྔར་བཞིན་གཅིག་པ་རེད། ཁེམ་བྷོ་ཌི་ཡ་མི་དམངས་ཚོགས་པས་དུས་ཡུན་ཅི་ཙམ་ལ་སྲིད་དབང་འཛིན་ཐུབ་ན་དེ་སྲིད་དུ་སྲིད་དབང་འཛིན་རྒྱུའི་རྟགས་མཚན་འདུག་ཅེས་བཀྲལ། དེང་སྐབས་བཙན་བྱོལ་དུ་ཡོད་པའི་ཁེམ་བྷོ་ཌི་ཡའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་སམ་རན་སི་ཡིས་ཧུན་མ་ནེ་སྲིད་བློན་ལ་གྱུར་ཀྱང་ཁེམ་བྷོ་ཌི་ཡར་དམངས་གཙོ་སླར་གསོ་བྱེད་མི་ཐུབ། སི་རི་ཡའི་ཨ་ས་དཱ་ཁྱིམ་ཚང་དང་བྱང་ཀོ་རི་ཡའི་ཀིམ་ཚང་། ཁེམ་བྷོ་ཌི་ཡའི་ཧུན་སེན་ཚང་གཅིག་པ་རེད། ཧུ་མ་ནེས་རང་གི་ཨ་ཕ་ཧུན་སེན་གྱི་དབང་བསྒྱུར་ལམ་ལུགས་རྒྱུན་འཁྱོངས་བྱ་ཡིན་པ་གསལ་པོ་རེད་ཅེས་གསལ་བསྒྲགས་སྤེལ་འདུག

XS
SM
MD
LG