ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

བྷ་ཌན་གྱིས་རྒྱ་ནག་གི་སྲིད་དོན་བཙོན་པའི་སྐོར་གླེང་དགོས་པའི་ནན་སྐུལ།


༄༅།། སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱེད་པའི་དུས་སུ་སྲིད་དོན་བཙོན་པའི་སྐོར་གླེང་སློང་བྱ་དགོས་ཞེས་ནན་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༩་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚོགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་རྟོག་ཞིབ་ལྷན་ཚོགས་ནས་སྲིད་འཛིན་བྷ་ཌན་ལ་བོད་པ་དང་ཞིན་ཅང་གི་ཡུ་གུར་བ། ཧོང་ཀོང་བ་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། རྒྱ་ནག་གི་ཡེ་ཤུའི་ཆོས་དད་པ་དང་ཆོས་ལུགས་གཞན་གྱི་རྗེས་འཇུག་པ་བཅས་སྲིད་དོན་བཙོན་པ་༤༠་ཐམ་པའི་མིང་ཐོ་ཞིག་ཕུལ་ཡོད་ཅིང་། སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱེད་པའི་དུས་སུ་ངེས་པར་དུ་སྲིད་དོན་བཙོན་པ་དེ་དག་གི་མིང་ཐོ་བསྟན་ནས་བོད་དང་ཞིན་ཅང་། ཧོང་ཀོང་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་གཏོང་དགོས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་གཏོང་རྒྱུ་དང་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་རྒྱུ་ནི་ཨ་རྒྱའི་འབྲེལ་བ་ཡར་རྒྱས་གཏོང་བའི་ཆ་རྐྱེན་གལ་ཆེན་ཞིག་ཡིན་པ་གསལ་སྟོན་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

དེ་རིང་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་རྟོག་ཞིབ་ལྷན་ཚོགས་ཀྱི་འགན་འཛིན་ནས་བདུན་ཕྲག་རྗེས་མར་ཨ་རིའི་ནུབ་ཕྱོགས་ཀྱི་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ལོ་རེའི་ཚོགས་འདུ་འཚོགས་ཀྱི་ཡོད་པ་རེད། ད་ལོའི་ཚོགས་ཆེན་ལ་ཞུགས་ཀྱི་ཡོད་པའི་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གཞུང་གིས་རྒྱལ་ནང་དུ་དམ་དྲག་ཆེ་རུ་བཏང་སྟེ་མང་ཚོགས་ཀྱི་ཐོབ་ཐང་རྡོག་བརྫིས་གཏོང་གི་ཡོད་པ་གླེང་སློང་བྱ་དགོས། འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཐོག་ཏུ་ཨ་མི་རི་ཀས་ནམ་ཡང་རྒྱ་ནག་ལ་གུ་བཤམས་བྱེད་མི་ཉན་ཞེས་སྲིད་འཛིན་བྷ་ཌན་ལ་གནས་འཕྲིན་ཞིག་ཕུལ་འདུག ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཞིབ་ལྷན་ཚོགས་ནི་སྲིད་དོན་ཚོགས་པ་གཉིས་ཀས་བཙུགས་པའི་ཚོགས་པ་ཞིག་ཞིང་། ལྷན་ཚོགས་དེར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་དང་རྒྱ་ནག་ལ་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ཤིག་དར་ཐུབ་ཀྱི་ཡོད་མེད་ཞིབ་འཇུག་བྱ་དགོས་པའི་ལས་འགན་སྤྲད་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་རྟོག་ཞིབ་ལྷན་ཚོགས་ནས་སྲིད་འཛིན་བྷ་ཌན་ལ་ཕུལ་བའི་གནས་འཕྲིན་དེར་རྒྱ་ནག་གིས་རྒྱལ་མཚམས་བརྒལ་ནས་ཨ་རིའི་ས་ཐོག་ཏུ་ཁྲིམས་འགལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་རྣམས་འཕྲལ་དུ་མཚམས་འཇོག་བྱ་དགོས་པའི་ནན་བརྗོད་བྱོས་ཞེས་བཀོད། རྒྱ་ནག་གིས་ཨ་མི་རི་ཀ་དང་ཡུ་རོབ། ཨོ་གླིང་དང་ཁེ་ན་ཌ་སོགས་འཛམ་གླིང་གི་རྒྱལ་ཁབ་༡༠༠་ལྷག་གི་ནང་དུ་གསང་བའི་ཉེན་རྟོག་ཁང་བཙུགས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་ཞིན་ཅང་གི་ཡུ་གུར་བ་དང་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པ། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོར་འཇིགས་སྐུལ་དང་རྗེས་དེད། ཁོ་ཚོར་ཁ་པར་དང་གློག་འཕྲིན་བཏང་ནས་སུན་གཙེར་བྱེད་ཀྱི་ཡོད་པ་ཐེར་འདོན་བྱུང་ཞིང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་རྟོག་ཞིབ་ལྷན་ཚོགས་ནས་བོད་དང་ཞིན་ཅང་། ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་འདུག རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ལེ་ཀྲི་དབྱིང་ལ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་རྒྱུའི་ཉེན་ཁ་འདུག་ཅེས་བཀྲལ།།

རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ལེ་ཀྲི་དབྱིང་
རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ལེ་ཀྲི་དབྱིང་

སྲིད་འཛིན་བྷ་ཌན་ལ་ཕུལ་བའི་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་རྟོག་ཞིབ་ལྷན་ཚོགས་ཀྱི་ཐོ་གཞུང་དེར་བོད་པ་སྲིད་དོན་བཙོན་པ་སུ་སུའི་མིང་འཁོད་ཡོད་མེད་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ནང་དུ་ཐོན་མེད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཚེ་བཙོན་གྱི་ཁྲིམས་བཅད་པའི་ཡུ་གུར་བའི་མཁས་པ་རཱ་ཧི་ལེ་དྷ་ཝུ་ཏ་(Rahile Dawut)་དང་ལོ་འདིའི་ཕྱི་ཟླ་༧་པའི་ནང་ལའོ་སི་གཞུང་གིས་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ལུ་སི་ཝེ། (Lu Siwei) རྒྱ་ནག་གི་གསར་འགོད་པ་ཀྲང་ཀྲན་(Zhangzhan)་དང་ཏུང་ཡུའི་ཡུའི། (Dong Yuyu) ཌེ་ཝི་ཌི་ལིན་(David Lin)་ཚུད་པའི་ཨི་རིའི་སྤྱི་དམངས་༣་དང་གཏན་སྡོད་པ་ཞིག་བཅས་རྒྱ་ནག་གིས་འཛིན་བཟུང་བྱས་ཡོད་རྣམས་ཐོ་གཞུང་དེར་འདུས། ༢༠༠༦་ལོར་ཌེ་ཝི་ཌི་ལིན་གྱིས་རྒྱ་ནག་ཏུ་ཡེ་ཤུའི་ལྷ་ཁང་ཞིག་བཞེང་རྒྱུའི་ཆོག་མཆན་ལ་སྒུག་ཡོད་པའི་སྐབས་སུ་བཀག་ཉར་བྱས། ཟླ་བ་འདིའི་ཚེས་༡༥་ནས་༡༧་བར་དུ་ཨ་རིའི་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུ་འཚོགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༡་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་ཕུར་བུའི་ཉིན་ཨ་རིའི་ནོར་སྲིད་དྲུང་ཇཱེ་ནེ་ཊི་ཡེ་ལེན་(Janet Yellen)་དང་རྒྱ་ནག་གི་སྲིད་བློན་གཞོན་པ་ཧེ་ལི་ཧྥེང་(He Lifeng)་གཉིས་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་ཐུག་འཕྲད་བྱེད་ཀྱི་ཡོད་ཅིང་། ཇཱེ་ནེ་ཊི་ལེ་ལིན་དང་ཧེ་ལི་ཧྥེང་གིས་བདུན་ཕྲག་རྗེས་མར་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་ལ་སྔོན་འགྲོའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཨ་རིའི་ཕོ་བྲང་དཀར་པོའི་ལས་སྣེ་ཚོས་སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བའི་རྗེས་སུ་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་རེ་ལྟོས་ཆེན་པོ་ཞིག་འཆང་གི་མེད། སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་བྱེད་ཐུབ་ཀྱི་ཡོད་པ་ཁོ་ན་ཡར་རྒྱས་ཀྱི་རྣམ་པ་ཞིག་རེད་ཅེས་བཀྲལ། ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་གཞོན་པ་ཧན་ཀྲེང་(Han Zheng)་གིས་རྒྱ་ནག་ལ་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་འདོད་པ་དང་གྲ་སྒྲིག་ཡོད་ཅེས་བསྒྲགས།།

༢༠༢༣་ལོའི་འགོ་སྟོད་དེར་རྒྱ་ནག་གི་གསང་ཉུལ་གྱི་ལྒང་བུ་ཞིག་ཨ་རིའི་མཁའ་དབྱིངས་སུ་བཏང་བ་དང་ཨ་མི་རི་ཀས་རྒྱ་ནག་གི་གསང་ཉུལ་ལྒང་བུ་དེ་གཏོར་ནས་བཟུང་། ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྔར་ལས་ཇེ་སྡུག་ཏུ་སོང་། རྒྱ་ནག་གིས་ལྒང་བུ་དེ་བསམ་བཞིན་བཏང་བ་མིན། གནམ་གཤིས་བརྟག་དཔྱད་ལྒང་བུ་དེ་རླུང་གིས་ཁྱེར་བ་རེད་ཅེས་འགྲེལ་བཤད་བརྒྱབ། ཕྱི་ཟླ་༡༠་པའི་ཟླ་མཇུག་དེར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཨ་མི་རི་ཀར་ཡོང་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་དང་རྒྱལ་སྲུང་སློབ་སྟོན་པ་ཇཱེག་སུ་ལི་ཝན་ལ་ཐུག་འཕྲད་གྲོལ་བྱུང་། ད་དུང་ཕོ་བྲང་དཀར་པོར་སྲིད་འཛིན་བྷ་ཌན་ལ་དུས་ཡུན་ཆུ་ཚོད་གཅིག་གི་རིང་གྲོས་མོལ་བྱས་ཤིང་། ཕྱི་ཟླ་༦་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་བསྐྱོད་པའི་སྐབས་སུ་ཞིས་ཅིན་ཕིང་དང་ཐུག་འཕྲད་གྲོས་མོལ་བྱུང་། ༢༠༢༣་གྱི་འགོ་སྟོད་དེར་ཨ་རིའི་ནོར་སྲིད་དྲུང་ཆེས་རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེ་སོགས་ལ་ཐུག་འཕྲད་བྱས་འདུག ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་རིམ་པ་ཞིག་གིས་རྒྱ་ནག་ལ་ཚོང་འབྲེལ་གཅོད་འདོད་མེད། པྲོག་དབྱིབས་ནད་ཡམས་ཀྱིས་རྒྱ་ནག་གཅིག་པུར་དཔལ་འབྱོར་དང་ཚོང་འབྲེལ་བཙུགས་ན་ཉེན་ཁ་ཡོད་པར་བཅོས་བསྒྱུར་བྱ་དགོས་ཞེས་གཏམ་བཤད་བྱས་འདུག

ཕྱི་ཟླ་༡༡་པའི་ཚེས་༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་རྗེས་མར་ཇཱོ་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱེད་ཀྱི་ཡོད་པ་ནི་བྷ་ཌན་གྱིས་སྲིད་དབང་བཟུང་ནས་ལོ་གསུམ་གྱི་ཕྱིན་པའི་རྗེས་སུ་ཞིས་ཅིན་ཕིང་ལ་དངོས་སུ་ཐུག་འཕྲད་གྲོས་མོལ་ལྷུག་པོ་ཞིག་འབྲུང་སྲིད། རྒྱ་ནག་གིས་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་བྱ་རྒྱུ་ཡིན་པ་ངེས་གཏན་བྱས་མི་འདུག་ཅེས་གནས་ཚུལ་སྤེལ། སི་ཊན་ཧྥོར་ཌི་སློབ་གྲྭ་ཆེན་མོའི་རྒྱ་ནག་ཉམས་ཞིབ་མཁས་པ་མ་ས་ཏ་རོས་བྷ་ཌན་དང་ཞིས་ཅིན་ཕིང་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་དེ་ཡག་པོ་ཞིག་བྱུང་ན་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་འདུའི་གྲོས་གཞི་ཁག་ཟིན་གྱིས་གནོན་རྒྱུ་རེད་ཅེས་སྨྲས། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས་ནི་རྒྱལ་ཁབ་༢༡་གིས་བཙུགས། མཐུན་ཚོགས་དེར་འཛམ་གླིང་གི་སྤྱི་ཡོངས་དཔལ་འབྱོར་ཐོན་སྐྱེད་བརྒྱ་ཆ་༦༢་དང་འཛམ་གླིང་གི་ཚོང་ལས་ཕྱེད་ཀ་ཙམ་གྱི་སྟོབས་ཤུགས་ཡོད་ཀྱང་མཐུན་ཚོགས་དེ་ཨ་རྒྱའི་འགྲན་རྩོད་ཀྱི་སྡིངས་ཆ་ཞིག་ཏུ་འགྱུར་གྱི་ཡོད་པའི་རྣམ་པ་ཐོན་འདུག

ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོ་དང་ལས་སྣེ་ཚོས་སྲིད་འཛིན་བྷ་ཌན་གྱིས་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་དང་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་ཤུགས་སྣོན་རྒྱག་གི་ཡོད་པ་དགོས་པ་མི་འདུག་ཅེས་སྐྱོན་བཙུགས། སྲིད་འཛིན་བྷ་ཌན་དང་དམངས་གཙོ་ཚོགས་པའི་འཐུས་མི་ཚོས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་འཁྲུག་རྩོད་ཆེ་རུ་འགྲོ་བཞིན་པ་དང་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་གི་ཉེན་ཁ་ཡོད་པ་སོགས་ལ་རྒྱ་ནག་གི་འགོ་ཁྲིད་ཚོར་ཐད་ཀར་གྲོས་མོལ་བྱས་ནས་འཁྲུག་རྩོད་འགོག་རྒྱུ་གནད་འགག་ཆེན་པོ་རེད་ཅེས་ལན་བཏབ། སྲིད་འཛིན་བྷ་ཌན་དང་ཞིས་ཅིན་ཕིང་གི་གྲོས་གཞི་གཙོ་བོ་ཨ་རིའི་ཚོང་ལས་དང་དཔལ་འབྱོར། ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་ཡིན་རུང་དེའི་ཞོར་དུ་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གི་དམག་འཁྲུག་འགོག་ཐབས། རྒྱ་ནག་གིས་ཨུ་རུ་སུའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ནས་ཡུག་ཀེ་རེན་གྱི་དམག་འཁྲུག་མཚམས་ཆོད་ཀྱི་མེད་པ་བཅས་ལ་གྲོས་མོལ་བྱ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG