ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

འབྲུག་ཡུལ་གྱི་གྲོས་ཚོགས་འཐུས་མིའི་འོས་བསྡུ་རིམ་པ་དང་པོ། 


འབྲུག་ཡུལ།
འབྲུག་ཡུལ།

༄༅།། ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་འབྲུག་ཡུལ་དུ་གྲོས་ཚོགས་འཐུས་མིའི་སྔོན་འགྲོའི་འོས་བསྡུ་བྱེད་ཀྱི་ཡོད་ཅིང་། གཟའ་མིག་དམར་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་འབྲུག་པ་ཚོས་རང་གི་འདེམས་ཁོངས་ས་ཁུལ་ཁག་ཏུ་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་འོས་བསྡུ་ཐེངས་བཞི་པར་འོས་ཤོག་འཕེན་གྱི་རེད། འབྲུག་པ་སྟོང་ཕྲག་མང་པོས་སྦྲག་ཁང་བརྒྱུད་ནས་འོས་ཤོག་འཕངས་ཟིན་འདུག་ཅེས་གནས་ཚུལ་སྤེལ་འདུག ད་ལོ་འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་ལྔ་གྲོས་ཚོགས་འཐུས་མིའི་འོས་བསྡུར་འགྲན་ཞུགས་བྱེད་ཀྱི་ཡོད་པས་མི་དམངས་ལ་སྔར་ལས་གདམ་ཀ་མང་དུ་སོང་། ལོ་བཅོ་ལྔའི་ཡར་སྔོན་དུ་འབྲུག་ཡུལ་ལ་སྲིད་དོན་ཚོགས་པ་གཉིས་ལས་མེད་པས་ལོ་འདིའི་འོས་འདེམས་ལ་འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་དང་མི་དམངས་རྣམས་སྤྲོ་སེམས་ཀྱིས་བརྟས། འབྲུག་པ་ཚོར་དགོས་རྒྱུ་ཡང་གདམ་ཀ་སྣ་མང་རེད་ཅེས་གནས་ཚུལ་སྤེལ་འདུག

Bhutan's Prime Minister Lotay Tshering
སྲིད་བློན་བློ་གྲོས་ཚེ་རིང་།

༢༠༢༣་ལོའི་ཕྱི་ཟླ་༡༡་པའི་ཚེས་༣༠་ཉིན་འབྲུག་ཡུལ་དུ་སྔོན་འགྲོའི་འོས་བསྡུ་བྱ་རྒྱུ། ༢༠༢༤་ལོའི་ཕྱི་ཟླ་དང་པོའི་ཚེས་༩་ཉིན་འོས་ཤོག་མང་ཤོས་ཐོབ་པའི་སྲིད་དོན་ཚོགས་པ་གཉིས་ལ་མཐའ་མཇུག་གི་འོས་ཤོག་འཕངས། འོས་ཤོག་མང་ཤོས་ཐོབ་པའི་སྲིད་དོན་ཚོགས་པ་དེས་སྲིད་གཞུང་འཛུགས་རྒྱུ། འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་ལྔ་ནི་འབྲུག་མཉམ་རུབ་ཚོགས་པ་དང་མི་སེར་དམངས་གཙོ་ཚོགས་པ། འབྲུག་རྟེན་འབྲེལ་ཚོགས་པ་དང་འབྲུག་ཕུན་སུམ་ཚོགས་པ། འབྲུག་མཐུན་འབྲེལ་ཚོགས་པ་བཅས་ཡིན་ཞིང་། ཟླ་བ་འདིའི་ཚེས་གཅིག་ནས་སྲིད་བློན་བློ་གྲོས་ཚེ་རིང་གིས་འགོ་ཁྲིད་པའི་སྲིད་གཞུང་གི་དུས་ཡུན་རྫོགས། འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་གིས་ཆེས་མཐོའི་ཁྲིམས་ཞིབ་པ་ཆོས་རྒྱལ་དར་སྒོ་རིག་འཛིན་(Chogyal Dago Rigdzin)་བར་བརྒལ་སྲིད་གཞུང་གི་འགོ་ཁྲིད་དུ་བསྐོས། འབྲུག་ཡུལ་གྱི་བར་བརྒལ་སྲིད་གཞུང་གིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཁག་ལ་གཟིགས་རྟོག་གནང་དགོས་པའི་ལས་འགན་བཅོལ་ཡོད་པའི་གནས་ཚུལ་ཐོན་འདུག

འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག
འབྲུག་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག

འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་ལྔས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་དྲིལ་བསྒྲགས་ལས་འགུལ་སྤེལ། པྲོག་དབྱིབས་ནད་དུག་ཁྱབ་སྟེ་ལོ་གསུམ་གྱི་ནད་ཡམས་རིང་འབྲུག་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས་ཉམས། ཡུལ་སྐོར་སྤྲོ་འཆམ་པའི་ཡོང་འབབ་ཆད། ནད་ཡམས་རྗེས་སུ་འབྲུག་ཡུལ་གྱི་ཤེས་ཡོན་ཅན་དང་ཆེད་ལས་པ། ན་གཞོན་ཚོ་ཨོ་གླིང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཏན་སྡོད་གཞིས་ཆགས་སུ་བསྐྱོད། འབྲུག་ཡུལ་གྱི་སྒེར་བདག་ཚོང་ལས་ཁག་འཕེལ་རྒྱས་འགྲོ་མ་ཐུབ་པར་དཔལ་འབྱོར་གྱི་གནད་དོན་ནི་མང་ཚོགས་ནས་གླེང་སློང་བྱེད་དགོས་པ་ཞིག་ཏུ་གྱུར། འབྲུག་པ་ཚོས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་སྟངས་བཟང་ཕྱོགས་སུ་འགྱུར། འབྲུག་ཡུལ་ལ་སྲིད་གཞུང་གསར་པ་ཞིག་ཚུགས་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་བྱེད་ཐུབ་རྒྱུའི་རེ་ལྟོས་འཆང་ཡོད་པའི་གནས་ཚུལ་ཐོན་འདུག

ཀུན་གསལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་པ་འོས་ཤོག་འཕེན་མཁན་རྣམས་སྲིད་དོན་ཚོགས་པ་ཁག་གི་ཁས་ལན་དམ་བཅའ་དེ་ཚོར་ཡིད་ཆེས་མེད་པས་སྲིད་དོན་ཚོགས་ཁག་གིས་སྔར་ལས་ལྷག་པའི་མི་དམངས་བློ་འགུགས་བྱ་རྒྱུའི་ཤུགས་སྣོན་རྒྱག་གི་ཡོད་པར་མ་ཟད། སྲིད་དོན་ཚོགས་པ་ཁག་ཅིག་གིས་མི་ལ་དངུལ་སྒོར་སྤྲད་ནས་ཚོགས་འདུར་བསྐོངས། སྲིད་དོན་ཚོགས་པ་ཁག་ཅིག་གིས་མི་ལ་དྲྭ་རྒྱའི་འབྲེལ་མཐུད་ཀྱི་རིན་པ་སྤྲད་ནས་བློ་བཀུག་སྟེ་ཁྲིམས་འགལ་བྱེད་ཀྱི་ཡོད་མོད། འོན་ཀྱང་འབྲུག་ཡུལ་གྱི་དབུས་འོས་བསྡུ་ལྷན་ཁང་གིས་སྲིད་དོན་ཚོགས་ཁག་ཅིག་ལ་ཉེས་ཆད་བཅད་པའི་གནས་ཚུལ་ཐོན། འབྲུག་པ་ཚོས་ཁྲིམས་འགལ་བྱས་པའི་སྲིད་དོན་ཚོགས་པ་ཁག་ལ་དངུལ་སྒོར་ཆད་པ་བཅད་པ་ཙམ་གྱིས་ག་ལ་འགྲིག དངུལ་སྒོར་ཡོད་པའི་སྲིད་དོན་ཚོགས་པ་ཁག་གིས་ཆད་པ་འཇལ་ནས་ཁྲིམས་འགལ་གྱི་ལམ་ནས་འོས་ཤོག་ཐོབ་ཐབས་བྱ་རྒྱུ་རེད་ཅེས་ཐེར་འདོན་བྱས་འདུག

འབྲུག་ཡུལ་དམངས་གཙོའི་ལམ་ལུགས་སུ་འགྱུར་ནས་ལོ་བཅོ་ལྔ་ཕྱིན་ཀྱང་འོས་ཤོག་མང་པོ་ཞིག་རྒན་པ་ཚོའི་ལམ་སྟོན་དང་ཁྱིམ་མཚེས་ཀྱི་བཀོད་ཇུས། གཞུང་གི་སྲི་ཞུ་བའི་གཉེན་ཚན་དང་འོས་མི་སོ་སོར་འབྲེལ་བ་ཡོད་པའི་མི་ཚོས་ཐག་གཅོད་བྱེད་ཀྱི་འདུག ཤེས་ཡོན་ཅན་ཚོས་འབྲུག་པ་མི་དམངས་ལ་དགེ་འདོན་སྐྱོན་སེལ་གྱི་ལམ་སྟོན་གང་ལེགས་བྱ་དགོས། དཔེར་ན་ཨ་ཕོ་དབང་འདུས་ཞེས་པ་ཞིག་རྒྱལ་ས་ཐིམ་ཕུག་ཏུ་ཕྱིན་པའི་དབང་དུ་ཐོངས། ཁོ་པར་འོས་མི་ཞིག་གིས་དངུལ་སྒོར་༡༠༠༠་སྤྲད་ནས་འོས་ཤོག་འཕེན་རོགས་ཞེས་སྐུལ་ལྕག་བཏང་ན་མིན་ཟེར་ཐུབ་རྒྱུ་ཁག་པོ་རེད། ཨ་ཕོ་དབང་འདུས་ཀྱི་འདེམས་ཁོངས་ས་ཁུལ་དང་མི་དེའི་ས་གནས་གཅིག་པ་མིན་རུང་འོས་མི་དེར་དགོས་མཁོ་ཡོད་པའི་མི་ཞིག་གཞན་ཞིག་ལ་འོས་ཤོག་འཕོངས་ཟེར་སྲིད། མི་དེ་ཚོང་པ་དང་སྲིད་དོན་ཞིག་རེད། མི་མང་འོས་ཤོག་འཕེན་མཁན་ཚོས་རང་གི་འོས་ཤོག་དེ་འཕེན་ས་མ་ནོར་བ་ཞིག་བྱ་དགོས་ཞེས་ནན་སྐུལ་བྱས་འདུག

འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས།
འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས།

ཕྱི་ཟླ་༡༡་པའི་ཚེས་༢༨་ཉིན་ཕྱི་འབྲེལ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ལ་འཐུས་མི་༤༧་གྱི་གདན་གྲངས་ཡོད་པ་དེར་སྲིད་དོན་ཚོགས་པ་ལྔས་འགྲན་རྩོད་བྱ་དགོས་ཤིང་། འོས་ཤོག་མང་ཤོས་ཐོབ་པའི་སྲིད་དོན་ཚོགས་པ་གཉིས་མཐའ་མཇུག་གི་འོས་བསྡུར་ཞུགས། མཐར་འོས་ཤོག་མང་ཤོས་ཐོབ་པའི་སྲིད་དོན་ཚོགས་པ་དེར་འབྲུག་རྒྱལ་པོས་སྲིད་གཞུང་གསར་པ་འཛུགས་དགོས་པའི་བཀའ་ཕབ། དུས་ཡུན་ཟླ་བ་གསུམ་གྱི་ནང་ཚུད་དུ་སྲིད་གཞུང་གསར་པ་བཙུགས་ནས་རྒྱལ་ཁབ་འཛིན་སྐྱོང་བྱ་དགོས་ཞེས་རྩ་ཁྲིམས་ནང་དུ་འཁོད། འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་ཁག་གི་རྩ་འཛིན་གསལ་བསྒྲགས་ནང་དུ་དོན་ཚན་མང་པོ་བསྒྲུབ་རྒྱུའི་ཁས་ལེན་བྱས་ཀྱང་གནད་འགག་གཙོ་བོ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཐུག་ཡོད་པ་སྟེ། སྲིད་དོན་ཚོགས་པ་གང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་བྱས་ནས་མི་དམངས་ལ་ངེས་ཤེས་རྙེད་དུ་འཇུག་ཐུབ་ན་སྲིད་དོན་ཚོགས་པ་དེར་འོས་བསྡུའི་རྒྱལ་ཁ་འཐོབ་སྲིད་པའི་རེ་བ་འདུག་ཅེས་གནས་ཚུལ་སྤེལ་འདུག

སྲིད་བློན་ཟུར་པ་ཚེ་རིང་སྟོབས་རྒྱལ་གྱིས་འགོ་ཁྲིད་པའི་མི་སེར་དམངས་གཙོ་ཚོགས་པས་འབྲུག་ཡུལ་ལ་ཕྱི་རྒྱལ་ནས་མ་རྩ་འཛུགས་མཁན་མང་དུ་གཏོང་དགོས། འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་གཞི་རྒྱ་བསྐྱེད་དགོས་ཞེས་གཏམ་བཤད་བྱས་འདུག འབྲུག་ཕུན་སུམ་ཚོགས་པའི་འགོ་ཁྲིད་རྡོ་རྗེ་དབང་འདུས་ཀྱིས་ཆུ་ཤུགས་གློག་ཁང་གི་ལས་གཞི་ཁག་ཡར་རྒྱས་གཏོང་དགོས། སྔོན་ཆད་སྲིད་དོན་ཚོགས་པ་དེས་སྲིད་གཞུང་བཟུང་བའི་དུས་སུ་ལས་མགོ་བརྩམས་པ་རྣམས་བསྐྱར་གསོ་བྱ་རྒྱུ་ཡིན་ཞེས་ཁས་བླངས། འབྲུག་ཡུལ་གྱི་སྲིད་དོན་ཁག་གིས་ཁོར་ཡུག་སྲུང་སྐྱོབ་དང་སྲི་ཞུ་བའི་ཤེས་ཚད་ཡག་ཏུ་གཏོང་རྒྱུ། གཞུང་གི་འཛིན་སྐྱོང་ལམ་ལུགས་ལེགས་བཅོས་གཏོང་རྒྱུ་དང་མི་དམངས་ཀྱི་སྨན་བཅོས། བྱིས་པའི་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་ཡག་ཏུ་གཏོང་རྒྱུ་ཡིན་ཞེས་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་རྒྱལ་ཁབ་དེའི་ཆབ་སྲིད་དང་ཕྱི་འབྲེལ། རྒྱལ་སྲུང་སོགས་གླེང་སློང་ཅི་ཡང་བྱས་མེད་པའི་གནས་ཚུལ་ཐོན་འདུག

ད་ལོའི་འོས་བསྡུའི་རྗེས་སུ་འབྲུག་ཡུལ་གྱི་སྲིད་དོན་ཚོགས་པ་གང་ལ་རྒྱལ་ཁ་ཐོབ་ཀྱང་སྲིད་བློན་བློ་གྲོས་ཚེ་རིང་གིས་རྒྱ་ནག་ལ་འབྲེལ་བ་བཙུགས་ཏེ་ཕྱི་འབྲེལ་འཛུགས་རྒྱུ་དང་ཐིམ་ཕུག་ཏུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་སྒོ་འབྱེད་རྒྱུ། འབྲུག་གཞུང་དང་རྒྱ་ནག་གི་སྐུ་ཚབ་ཚོས་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞེས་པ་ཞིག་ལ་མིང་རྟགས་བཀོད་ནས་བོད་འབྲུག་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱ་རྒྱུའི་གྲོས་མཐུན་བྱུང་བ་རྩ་འཛིན་བྱ་རྒྱུ་ཡིན་མིན། རྒྱ་ནག་དང་འབྲུག་ཡུལ་གྱི་འབྲེལ་བ་ཡར་རྒྱས་བཏང་ནས་རྒྱ་གར་དོགས་འདྲོག་ཆེན་པོ་ལངས། ལྡི་ལི་གསར་པ་དང་ཐིམ་ཕུག་གི་འབྲེལ་བར་དོ་ཕོག་བྱུང་བའི་འགལ་ཟླ་ཇི་ལྟར་སེལ་རྒྱུ་ཡིན་མིན། གལ་སྲིད་འབྲུག་གཞུང་གིས་འབྲོག་ལམ་རྒྱ་ནག་ལ་སྤྲད་ནས་ས་ཆ་ཁག་ཅིག་ཕར་སྤྲོད་ཚུར་ལེན་བྱ་རྒྱུའི་གྲོས་མཐུན་བཞག་ཀྱང་རྒྱ་གར་གྱིས་འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མཐུན་དེར་མོས་མཐུན་མ་བྱས་ན་ཅི་ཞིག་བྱ་རྒྱུ་ཡིན་མིན་སོགས་སྲིད་དོན་ཚོགས་པ་གཅིག་གིས་ཀྱང་གླེང་སློང་བྱས་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG