ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༢/༢༨

འབྲུག་ཡུལ་དུ་རྒྱ་ནག་གི་གཞུང་ཚབ་ཁང་འཛུགས་མི་ཉན་པའི་ནན་སྐུལ། 


༄༅།། རྒྱ་གར་གཞུང་གིས་འབྲུག་ཡུལ་གྱི་འགོ་ཁྲིད་ཚོས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ས་ཁམས་ཆབ་སྲིད་སོགས་ལ་གཞིགས་ནས་རྒྱལ་ས་ཐིམ་ཕུར་རྒྱ་ནག་གི་གཞུང་ཚབ་ཁང་ཞིག་སྒོ་འབྱེད་དུ་འཇུག་མི་ཉན། དེ་ནི་ཀུན་སློང་བཟང་པོ་དང་དོན་དངོས་ལ་དགོས་མཁོ་བའི་བྱ་བ་ཞིག་ཡིན་སྲིད། འོན་ཀྱང་རྒྱ་ནག་གི་གཞུང་ཚབ་ཁང་བཙུགས་ན་༡༩༥༠་ཐམ་པའི་ལོར་བོད་ཀྱི་བདག་དབང་ཤོར་བ་ལྟར་འབྲུག་ཡུལ་གྱི་བདག་དབང་ཡང་འཆོར་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། ད་དུང་རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་ཟིང་འཁྲུག་ཚབས་ཆེན་བསླངས་ཏེ་འབར་མ་ཆེན་པོ་དང་རྒྱ་ནག་ཆེན་པོ། བལ་ཡུལ་ཆེན་པོ་ཞིག་གསར་འཛུགས་འབྱུང་མི་སྲིད་པའི་ངེས་པ་མེད་ཅེས་ནན་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༢་པའི་ཚེས་༡༨་ཉིན་རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། ༡༩༦༢་ལོར་རྒྱ་ནག་དམར་ཤོག་གི་སྲིད་དབང་གཅིག་སྡུད་པ་མའོ་ཙེ་ཏུང་དང་རྒྱ་ནག་མི་དམངས། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་བཅས་ཀྱིས་རྒྱ་གར་ལ་དམག་བརྒྱབ། སྐབས་དེར་རྒྱ་གར་གྱི་བྱང་ཤར་དང་བངྒ་ལ་མངའ་སྡེ་དམིགས་འབེན་དུ་བཟུང་སྟེ་ཉེན་ཁ་ཆེན་པོ་ཕྲད། རྒྱ་ནག་གིས་རྒྱ་གར་དགྲ་ཟླར་བཟུང་སྟེ་རྒྱལ་ཁབ་གཞན་ལ་གྲོགས་པོའི་རྣམ་འགྱུར་བསྟན་ནས་ལྷོ་ཨེ་ཤི་ཡའི་འགྲན་རྩོད་ཆེན་པོར་ཞུགས། རྒྱ་ནག་གིས་རྒྱ་གར་ཁ་གཏོར་དུམ་བུར་གཏོང་ཐབས་སུ་འབད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

ཊི་རི་བྷུན་ཚགས་པར་གྱིས་གོང་གི་གནད་དོན་ཁག་ལ་བསམ་ཞིབ་བྱ་དགོས། གལ་སྲིད་འབྲུག་ཡུལ་གྱིས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ནས་གཞུང་ཚབ་ཁང་སྒོ་ཕྱེ་ན་རྒྱ་གར་ལ་ཤུགས་རྐྱེན་ཐེབས་རྒྱུ་ཉག་ཅིག་རེད། འབྲུག་ཡུལ་གྱི་ས་མཚམས་ནི་རྒྱ་གར་གྱི་ཨ་སམ་དང་ཨ་རུ་ན་ཅལ། ནུབ་བངྒ་ལ། འབྲས་ལྗོངས་བཅས་ལ་འདྲེས། འབྲུག་ཡུལ་གྱི་ས་ཁམས་ཆགས་ཡུལ་ནི་ལྷོ་ཨེ་ཤི་ཡ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཧིན་བོད་འབྲུག་གསུམ་གྱི་ས་མཚམས་ནི་འབྲས་ལྗོངས་ནས་གྲོ་མོ་བར་དུ་སྤྱི་ལེ་༡༨་དང་འབྲོག་ལམ་ནས་རྣ་ཐོས་ལ་བར་དུ་སྤྱི་ལེ་༢༣་འདུག འབྲོག་ལམ་ནས་ཤི་རི་གུ་རི་བར་དུ་སྤྱི་ལེ་༡༠༦་འདུག གྲོ་མོ་ནས་སྒང་ཏོག་བར་དུ་སྤྱི་ལེ་༣༣.༥་ཡོད་ཅིང་། ༡༩༦༢་ལོའི་ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་རྒྱ་ནག་གིས་བོད་ཀྱི་ས་ཐོག་ནས་འབྲུག་ཡུལ་གྱི་ཤར་ཕྱོགས་སུ་ཆགས་པའི་སུམ་འདྲེས་ས་ཁུལ་སྟེ། ཨ་རུ་ན་ཅལ་མངའ་སྡེའི་མཁར་མང་ཕྱོགས་ནས་རྒྱ་གར་ལ་བཙན་འཛུལ་བྱས་ཤིང་། འབྲུག་ཡུལ་ལ་མི་འབོར་འབུམ་༨་ལས་མེད་པ་དང་རྒྱ་ནག་ལ་གོ་སྐབས་ཐོབ་རེ་བཞིན་དུ་གདུག་རྩུབ་དང་བཙན་དྲག་བཀོལ་ཏེ་རང་གི་ཁེ་ཕན་འབའ་ཞིག་སྒྲུབ་ཀྱི་ཡོད་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱེད་ཐུབ། ༡༩༥༠་ཐམ་པའི་ལོར་རྒྱ་ནག་གིས་བོད་རང་བཙན་རྒྱལ་ཁབ་ལ་བཙན་འཛུལ་དང་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་ནས་དབང་དུ་བསྡུས། དེ་ནས་བཟུང་སྟེ་བོད་ཆོས་ལྡན་ཞིང་ལ་བཙན་གནོན་གྱི་སྲིད་ཇུས་ལག་ལེན་བསྟར། བོད་ཀྱི་རང་བཙན་ནི་འདས་ཟིན་པའི་ལེའུ་ཞིག་ཏུ་གྱུར་པ་མིན་ནམ། གཅིག་བྱས་ན་འབྲུག་ཡུལ་ལའང་བོད་ལྟར་འབྱུང་གི་རེད་ཅེས་ཉེན་བརྡ་བཏང་འདུག

འབྲུག་ཡུལ་ནི་རྒྱ་གར་གྱི་དཀྱིལ་འཁོར་དུ་ཚུད་ཀྱང་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་ནམ་ཡང་འགལ་ཟླ་བྱུང་མ་མྱོང་ཞིང་། བོད་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན། རིག་གཞུང་དང་ནང་པའི་དཔལ་ཡོན་རྣམས་རྩ་སྟོང་དང་ཤུལ་མེད་དུ་སྣུབ་ཉེན་འདུག བོད་པ་ཚོ་རང་ཡུལ་དུ་ཕྱི་མི་ལྟར་དུ་གྱུར། རྒྱ་གར་དང་ནང་ཆོས་གཉིས་ལ་རྟག་བརྟན་གྱི་འབྲེལ་བ་ཞིག་ཡོད་པ་ནི་རྒྱ་ནག་གི་མིག་ལམ་དུ་ཚེར་མ་ལྟར་དུ་གྱུར། སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གི་སྡང་སེམས་ཀྱི་འབྱུང་རྩ་དེ་མའོ་ཙེ་ཏུང་ལྟ་བ་དང་མར་ཁེ་སི་རིང་ལུགས་ཀྱི་ལྟ་གྲུབ་དེའི་མཇུག་འབྲས་ཤིག་རེད། རྒྱ་ནག་གིས་སྟོབས་ཤུགས་ཆུང་བའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང་མི་འབོར་ཉུང་བ། ས་སྟོང་དང་གླིང་ཕྲན་སྐམ་པོ། གླིང་ཟུར་ཁག་དང་གཏེར་ཁ་མང་ས། ས་མཚམས་ཀྱི་རྩོད་གཞི་ཡོད་ས་ཞིག་གང་དུ་ཡོད་ཀྱང་དེར་ཕྱིན་ནས་ས་ཆ་ཧམ་འཕྲོག་བྱ་རྒྱུ་ཆོས་ཉིད་རེད། རྒྱ་ནག་གིས་རྒྱ་གར་ནི་ལས་སླ་པོར་ཕམ་ཐུབ་པ་ཞིག་ཏུ་བརྩིས། མའོ་དང་ཁོའི་ཨ་ཕྲུག་ཚོས་རྒྱ་གར་ལ་མི་རིགས་འདྲ་མིན་དང་ཆོས་ལུགས་འདྲ་མིན་ཡོད་པ་དེའི་འགལ་ཟླ་སློང་ཐུབ་བསམས་ཀྱང་དམིགས་ཡུལ་མ་གྲུབ། དཔེར་ན་༡༩༧༡་ལོར་རྒྱ་ནག་གིས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་ཀྱང་རྒྱ་གར་གྱིས་དམག་བརྒྱབ་ནས་ཤར་པ་ཀི་སི་ཐན་དེ་རང་བཙན་གྱི་རྒྱལ་ཁབ་བངྒ་ལར་བསྒྱུར་བའི་སྐབས་སུ་རྒྱ་ནག་གིས་རྒྱ་གར་ལ་དམག་བརྒྱབ་ནས་པ་ཀི་སི་ཐན་ལ་རྒྱབ་སྐྱོར་བྱས་མ་ཕོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག རྒྱ་གར་ནི་ལྷོ་ཨེ་ཤི་ཡའི་སྟོབས་ཆེན་རྒྱལ་ཁབ་འབའ་ཞིག་ཡིན་པར་རྒྱ་ནག་གིས་བཟོད་ཐུབ་ཀྱི་མེད་པ་དང་རྒྱ་ནག་གིས་འབྲུག་ཡུལ་ལ་འབྲེལ་བ་བཙུགས་ནས་རྒྱ་གར་དང་འབྲུག་ཡུལ་གྱི་འབྲེལ་བར་གཏོར་བརླག་བྱ་དགོས་བསམས་ཡོད་པ་རེད་ཅེས་གནས་ཚུལ་སྤེལ།།

ཊི་རི་བྷུན་གསར་ཤོག་ལ་བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་དང་འབྲུག་ཡུལ་གྱི་ས་ཆ་འཕྲོག་ཐབས་བྱེད་ཀྱི་ཡོད་པར་ཁ་རྡུང་གི་གྲོས་གཞི་ཞིག་མཚམས་སྦྱོར་བྱས་འདུག གྲོས་གཞི་དེས་འབྲུག་ཡུལ་ལ་རྒྱ་གར་གྱི་མངའ་སྡེ་ཁག་དང་དབུས་ཐད་སྐྱོང་ས་ཁུལ་ཇི་སྙེད་ཅིག་ལ་རྒྱ་ནག་གིས་འཁྲུག་རྩོད་བསླངས་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་རྣམས་དྲན་སློང་བྱེད་ཐུབ། འབྲུག་ཡུལ་གྱི་རྒྱལ་སར་རྒྱ་ནག་གི་གཞུང་ཚབ་ཁང་ཞིག་ཚུགས་ཚེ། མི་རིགས་དང་ཆོས་ལུགས་མ་འདྲ་བ་ཡོད་པའི་རྒྱ་གར་གྱི་ས་མཚམས་ཁག་གི་མངའ་སྡེ་དེ་ཚོར་རྒྱ་ནག་གིས་འཁྲུག་རྐྱེན་སློང་ཐུབ་རྒྱུ་བརྗོད་ཅི་དགོས། དེ་ལྟར་བྱུང་ན་ཨུ་རུ་སུ་དང་ཡུཀ་རེན་གྱི་འཁྲུག་རྩོད་ལས་ཀྱང་སྡུག་ཏུ་འགྲོ་རྒྱུ་དང་འདས་པའི་དུས་རབས་མང་པོར་འབྲུག་ཡུལ་དང་རྒྱ་གར་གཉིས་ལ་ཕུ་ནུ་ལྟ་བུའི་མཛའ་འབྲེལ་ཞིག་ཚུགས་ཡོད་པའང་མེད་པར་འགྱུར་ངེས་རེད་ཅེས་བསྟན། ༢༠༢༡་ལོའི་ཕྱི་ཟླ་༡༠་པའི་ནང་དུ་རྒྱ་ནག་དང་འབྲུག་གཞུང་གིས་ཕྱོགས་གཉིས་ཀྱི་ས་མཚམས་གྲོས་མོལ་མྱུར་དུ་བྱ་དགོས་པའི་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ལོ་བདུན་གྱི་སྔོན་དེར་འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་གྱིས་རྒྱལ་ས་ཐིམ་ཕུར་རྒྱ་ནག་གི་གཞུང་ཚབ་ཁང་ཞིག་སྒོ་འབྱེད་དུ་འཇུག་རྒྱུ་མིན་ཞེས་གསལ་བསྒྲགས་སྤེལ། དེ་ནི་རྒྱ་གར་བློ་བདེ་བག་ཕེབས་སུ་འགོད་ཐབས་དང་རྒྱ་གར་ལ་དོགས་པ་ཡོད་པ་རྣམས་སེལ་ཐབས་བྱས་པ་ཞིག་ཡིན་ཞིང་། ད་ལྟ་སླར་ཡང་འབྲུག་ཡུལ་གྱིས་རྒྱ་གར་བློ་བདེ་བག་ཕེབས་འགོད་ཐབས་དང་རྒྱ་གར་ལ་དོགས་པ་ཡོད་པ་རྣམས་སེལ་དགོས་པའི་དུས་སུ་བབས་འདུག་ཅེས་གནས་ཚུལ་སྤེལ།།

Prime Minister of Bhutan Lotay Tshering talks with Chinese Ambassador to India Sun Weidong
Prime Minister of Bhutan Lotay Tshering talks with Chinese Ambassador to India Sun Weidong

རྒྱ་གར་གཞུང་གིས་འབྲུག་ཡུལ་ལ་འབྲེལ་བ་བཟང་པོ་ཞིག་འཛིན་རྒྱུ་དང་འབྲུག་གི་ཕྱི་སྲིད་ལ་ཤུགས་རྐྱེན་ཐེབས་ཐབས་སུ་དཔལ་འབྱོར་རོགས་རམ་ཤུགས་ཆེན་སྤྲོད་ཀྱི་ཡོད་པའི་གནས་ཚུལ་སྤེལ་ཐོན། དཔེར་ན་ཕྱི་ཟླ་༢་པའི་ཚེས་༧་ཉིན་རྒྱ་གར་གྱི་ཧིན་རྡུ་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༣་ལོའི་རྒྱ་གར་གྱི་དངུལ་རྩིས་ཁོངས་སུ་འབྲུག་ཡུལ་ལ་ཧིན་སྒོར་དུང་ཕྱུར་༢༤༠་ཐམ་པ་རོགས་རམ་སྤྲོད་རྒྱུའི་ཐག་གཅོད་བྱུང་། རྒྱ་གར་གྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཨོྃ་བྷིར་ལས་འབྲུག་ཡུལ་གྱི་གྲོས་ཚོགས་ཚོགས་གཙོ་དབང་ཕྱུག་རྣམ་རྒྱལ་གྱིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པར་ཐུག་འཕྲད་བྱས་པའི་སྐབས་སུ་རོགས་དངུལ་དེ་རྣམས་གསལ་བསྒྲགས་སྤེལ། འབྲུག་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་དབང་ཕྱུག་རྣམ་རྒྱལ་གྱིས་རྒྱ་གར་གྱི་སྲིད་འཛིན་གཞོན་པ་དང་གྲོས་ཚོགས་གོང་མའི་ཚོགས་གཙོ་ཇག་དིབ་དཱན་ཁཱར་གཉིས་ལའང་ཐུག་འཕྲད་གྲོས་མོལ་བྱུང་། རྒྱ་གར་གྲོས་ཚོགས་ཀྱིས་འབྲུག་ཡུལ་ལ་རོགས་དངུལ་སྤྲོད་རྒྱུའི་ཐག་གཅོད་དེ་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་འབྲུག་ཡུལ་ལ་རོགས་དངུལ་སྤྲོད་ཀྱི་ཡོད་པ་དེའི་བརྒྱ་ཆའི་༤༡་ཟིན། དེ་ནི་རྒྱ་གར་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ཨང་དང་པོར་འཛིན་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་སྒོ་ཀུན་ནས་མཐུན། ཁྱིམ་མཚེས་ཨང་དང་པོར་འཛིན་པའི་སྲིད་ཇུས་དེ་སྲིད་བློན་མོ་དྷིའི་གཞུང་གིས་ལག་ལེན་བསྟར་ནས་འབྲུག་ཡུལ་དང་རྒྱ་གར་གྱི་འབྲེལ་བ་ལམ་ཕྱོགས་གསར་པ་ཞིག་ཏུ་འཁྲིད་རྒྱུའི་དམིགས་ཡུལ་ཡིན་ཞེས་གྲོས་ཚོགས་ཚོགས་གཙོ་ཨོྃ་བྷིར་ལས་ནན་བརྗོད་བྱས་པར་མ་ཟད། ཚོགས་གཙོ་རྣམ་གཉིས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་ཚོགས་དང་འབྲུག་ཡུལ་གྱི་གྲོས་ཚོགས་གཉིས་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG