གནས་ཚུལ་ཐོན་གསལ་ལྟར་ན། སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་རླབས་པོ་ཆེ་ལས། ནང་པའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་གཉན་ཡོད་དུ་ལོ་ངོ་༢༥༠༠ ལྷག་གི་རྗེས་སུ་སླར་ཡང་དབྱར་གནས་ཚོགས་ཐུབ་པ་བྱུང་བ་ནི། ནང་པ་སངས་རྒྱས་པའི་ལོ་རྒྱུས་ནང་གལ་གནད་ཆེ་བའི་དོན་ཆེན་ཞིག་ཆགས་འདུག། སྤྱི་ལོ་༢༠༡༧ ལོར་འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ནང་པའི་གནས་མཆོག་དེར་གཙུག་ལག་ཁང་གསར་བཞེངས་གནང་ཡོད་པ་དང་། ༢༠༡༩ ལོར་བྷར་མ་དང་ཤྲི་ལངྐ་སོགས་ནས་ཆེད་མངགས་གདན་དྲངས་པའི་འཕགས་པ་གནས་བརྟན་སྡེ་པའི་དགེ་སློང་༡༠༨ གདན་འཛོམས་ཏེ་གཞི་གསུམ་ཕྱག་ལེན་གྱི་དབྱར་གནས་ལ་བཞུགས་ཡོད་པ་རེད།
དེ་བཞིན་ད་ལོར་ཡང་འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་རླབས་ཆེན་དགོངས་གཞི་དང་མཐུན་འགྱུར་འོག། རྒྱ་གར་གྱི་ནང་པའི་གནས་ཆེན་གཉན་ཡོད་དུ། འཛམ་གླིང་གི་རྒྱལ་ཁབ་༡༠ ནས་ཕེབས་པའི་དགེ་སློང་མའི་ཞལ་གྲངས་༡༤༥ ལྷན་འཛོམས་ཀྱིས་གཉན་ཡོད་ཐེག་གསུམ་གཙུག་ལག་ཁང་དུ། རྒྱལ་སྤྱིའི་རང་བཞིན་ལྡན་པའི་དབྱར་གནས་ཤིག་འཚོགས་ཏེ། སྤྱི་ཟླ་༩ པའི་ཚེས་༡༣ ཉིན། དུས་ཡུན་ཟླ་བ་གཅིག་དང་ཕྱེད་ཀའི་རིང་གི་དགེ་སློང་མའི་དབྱར་གནས་མཇུག་གྲུབ་ཡོད་པ་དང་། འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་དངོས་སུ་གནས་ཆེན་གཉན་ཡོད་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ། དབྱར་གནས་མཇུག་སྡོམ་གྱི་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་གནང་འདུག།
ད་ལོར་དགེ་སློང་མའི་སྡེ་ཡིས་གནས་ཆེན་དེར་དབྱར་གནས་འཚོགས་པ་ཐེངས་མ་དང་པོ་ཡིན་ཞིང་། དགེ་སློང་མའི་དབྱར་གནས་སྐབས་དམ་ཆོས་འདུལ་བའི་ཐོག་སྐུ་ཡོན་ཆེན་པོ་ཡོད་པ་ཐེ་ཝན་གྱི་དྷརྨ་གུཔྟའམ་ཆོས་སྲུང་སྡེ་པའི་ལུགས་ཀྱི་དགེ་སློང་མ་ཀོ་ཀང་Guo Goang ལགས་དང་མཁན་མོ་སྒྲོལ་མ་ལགས་རྣམ་གཉིས་ཀྱིས་གཙོ་སྐྱོང་གནང་ཐོག་བཙུན་མ་རྒན་གྲས་ཁག་ཅིག་དབུ་བཞུགས་གནང་ཡོད་པ་དང་། ལྷག་པར་དུ་ཨ་རི་དང་། ཐེ་ཝན། ཝེ་ཏི་ནམ། འབྲུག་ཡུལ། རྒྱ་གར། བལ་ཡུལ། ཐེ་ལཎ་ཌི། ནིའུ་ཟེ་ལན་ཌི། ཨོ་སི་ཏྲོ་ལེ་ཡ། ཧྥ་རན་སི་སོགས་རྒྱལ་ཁབ་ཁག་ནས་ཕེབས་པའི་དགེ་སློང་མའི་ཞལ་གྲངས་མང་པོ་སྟན་ཐོག་གཅིག་ཏུ་གདན་འཛོམས་པ་དེ་བཞིན་ནང་པའི་ལོ་རྒྱུས་ཐོག་ཐེངས་མ་དང་པོ་ཆགས་ཀྱི་ཡོད་སྐོར་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ནང་དེ་དོན་བཅར་འདྲི་ཞུ་སྐབས། འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་མགྲིན་ཚབ་པ་མཁན་པོ་དཀོན་མཆོག་རང་གྲོལ་ལགས་ཀྱིས་གསུངས་ཤིང་། ཐེངས་འདིའི་དབྱར་གནས་དེ་འབྲི་གུང་༧ སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་རླབས་པོ་ཆེ་དང་སྦྱིན་བདག་གཏོང་ཕོད་ཅན་རྣམས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་གནང་བར་བརྟེན་ནས་ཐམས་ཅད་བཀྲ་ཤིས་པ་དང་ཧ་ཅང་ཡག་པོ་ཞིག་བྱུང་ཡོད་འདུག། མཉམ་ཞུགས་གནང་མཁན་ཚང་མས་མགྲིན་གཅིག་དབྱངས་གཅིག་གི་སྒོ་ནས་མ་འོངས་པར་ཡང་དེ་བཞིན་འཚོགས་ཐུབ་པའི་རེ་འདུན་དང་རྟེན་འབྲེལ་བསྒྲིགས་འདུག།
ཁ་ཅིག་གིས་གཉན་ཡོད་དུ་དགེ་སློང་མའི་དབྱར་གནས་འཚོགས་པ་དེ་བཞིན་དགེ་སློང་མའི་སྡོམ་རྒྱུན་སྤེལ་བའི་དོགས་འདྲོགས་ཕྲན་བུ་བྱས་ཡོད་ཀྱང་། དེ་ནི་མ་ལགས་ཤིང་། འབྲི་གུང་༧སྐྱབས་མགོན་མཆོག་གི་མགྲིན་ཚབ་པ་མཁན་པོ་དཀོན་མཆོག་རང་གྲོལ་ལགས་སུ་དེའི་ཐད་བཀའ་འདྲི་ཞུས་ལན་དུ། ནམ་རྒྱུན་མང་ཚོགས་ཀྱི་ནང་ལ་ཕྱག་ལས་ག་འདྲ་ཞིག་གི་ཐོག་ལ་ཡིན་ན་ཡང་། དཀྲོག་གཏམ་ཟེར་མཁན་དེ་རང་བཞིན་གྱིས་ཁྱབ་སྤེལ་ཆགས་འགྲོ་ཡི་ཡོད་བ་རེད། ཁ་ཤས་ཀྱིས་གཞི་མེད་པར་དཀྲོག་གཏམ་ཆེད་གཉེར་གྱིས་སྤེལ་མཁན་ཡང་ཡོད་པ་རེད། དེ་འདྲ་ཡིན་ཙ་ན། ད་རེས་གཉན་ཡོད་ལ་འཚོགས་པ་དེ་དགེ་སློང་མའི་སྡོམ་རྒྱུན་སྤེལ་བའི་ལས་འཆར་དེ་འདྲ་གང་ཡང་མ་རེད། གཙོ་བོ་དེ་དབྱར་གནས་རང་ལ་བཞུགས་ནས། དགེ་སློང་མ་ཚོ་ལྷན་བཞུགས་ཀྱི་ཐོག་ནས་འདུལ་བའི་གཞི་གསུམ་གྱི་ཕྱག་ལེན་གནང་རྒྱུ་དང་། དབྱར་གནས་རང་ལ་བཞུགས་པ་རེད་མ་གཏོགས་སྡོམ་པ་གནང་ཡ་དང་སྡོམ་རྒྱུན་སྤེལ་བའི་ལས་གཞི་དེ་འདྲ་གང་ཡང་གནང་ཡོད་བ་མ་རེད་ཅེས་གསུངས་འདུག།
ནང་པའི་ཆོས་ལུགས་གསར་རྙིང་ཐམས་ཅད་ཀྱི་གཞི་མ་ལྟ་བུའི་དམ་ཆོས་འདུལ་བའི་ཐད། བོད་ལུགས་ལ་སྐབས་བཞིའི་ཐོག་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་ཕའི་སྡོམ་རྒྱུན་འབའ་ཞིག་དར་ཡོད་ཀྱང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་མའི་སྡོམ་རྒྱུན་དེ་ད་ཕན་གསལ་པོ་ཞིག་ཡོད་པར་མི་སྣང་། བོད་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་ཕའི་སྡོམ་རྒྱུན་དེ་བཞིན་ཐོག་མར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བལ་ཡུལ་ནས་མཁན་ཆེན་བོདྷིས་ཏྭ་གདན་དྲངས་ཤིང་། ཁོང་དང་ལྷན་དུ་རབ་ཏུ་བྱུང་བའི་དགེ་འདུན་པ་སུམ་ཅུ་སྐོར་ཞིག་མཉམ་ཁྲིད་གནང་ཡོད་པ་དང་། བསམ་ཡས་གཙུག་ལག་ཁང་དུ་སད་མི་བདུན་རབ་ཏུ་བྱུང་ནས་བོད་དུ་དམ་ཆོས་འདུལ་བའི་དབུ་བརྙེས་པ་རེད། དེ་རྗེས་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་ཁོ་ན་ལས་ཐེག་དམན་གྱི་གཞུང་ལུགས་བོད་སྐད་དུ་བསྒྱུར་མི་ཆོག་པའི་བཀའ་རྒྱ་མཛད་པས་བོད་དུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་འབའ་ཞིག་དར་ཡོད་པ་རེད།
དུས་རབས་༩ པའི་མཇུག་དང་༡༠ པའི་སྟོད་ཙམ་ལ་རྒྱལ་པོ་གླང་དར་མས་དབུས་གཙང་དུ་འདུལ་བའི་བསྟན་པར་ཉམས་ཆག་ཤིན་ཏུ་ཆེན་པོ་བཏང་བའི་ཚེ། ཆུ་བོ་རི་ནས་རྨར་གཙང་གཡོ་གསུམ་བྲོས་ཏེ་མདོ་སྨད་ཕྱོགས་སུ་བྱོན་པ་ལས། གཙང་གིས་མཁན་པོ་མཛད་དེ་བླ་ཆེན་དགོངས་པ་རབ་གསལ་ལ་དགེ་ཚུལ་སློང་གི་སྡོམ་པ་སྩལ་བ་ལས་ཀླུ་མེས་སོགས་དབུས་གཙང་གི་མི་བཅུས་སྡོམ་རྒྱུན་བླངས་ཏེ་རིམ་པར་བརྒྱུད་པར་སྨད་འདུལ་ཞུ་བ་དང་། དེ་བཞིན་ཡང་ཆོས་རྒྱལ་གྱི་གདུང་རྒྱུད་ལྷ་བཙུན་ཡེ་ཤེས་འོད་ཀྱིས་རྒྱ་གར་ཤར་ཕྱོགས་ནས་དྲངས་པར་སྟོད་འདུལ་དང་། ཁ་ཆེ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་གྱིས་བོད་དུ་གདན་དྲངས་པའི་པཎ་ཆེན་རྒྱུད་པ་བཅས་ཡོད་ཚད་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་ཕའི་སྡོམ་རྒྱུན་དུ་ངེས་ཤིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་ཁུངས་ཐུབ་ཡོད་པ་ངེས་གཏན་མ་བྱུང་།
བོད་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་སྤེལ་བའི་འབད་བརྩོན་གནང་སྐོར་ཞིག་ནི། དུས་རབས་༡༥ པའི་ནང་དཔལ་ལྡན་ས་སྐྱ་པའི་མཁས་པ་པཎ་ཆེན་ཤཱཀྱ་མཆོག་ལྡན་ ༼ ༡༤༢༨-༡༥༠༧ ༽ གྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་མའི་སྡོམ་རྒྱུན་ཞིག་སྤེལ་ཐབས་གནང་ཡང་། ཁོང་དང་དུས་མཉམ་གྱི་དཔལ་ལྡན་ས་སྐྱ་པའི་མཁས་དབང་ཀུན་མཁྱེན་གོ་རམ་པ་བསོད་ནམས་སེངྒེ་༼ ༡༤༢༩-༡༤༨༩ ༽ མཆོག་གིས་སྡོམ་རྒྱུན་དེ་བཞིན་ཁུངས་ཐུབ་མིན་སྐོར་དགག་པ་ཤུགས་ཆེ་མཛད་ཅིང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་དགག་ལན་མ་མཛད་གོང་ནས་སྐུ་གཤེགས་པས་ཁུངས་བཅོལ་ཅི་ཡོད་གསལ་ཁ་མེད་པའི་གནས་སུ་ལུས་ཡོད་པ་རེད། སྤྱི་ཟླ་༩ པའི་ཚེས་༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་པཱ་ལིའི་དང་ལེགས་སྦྱར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞིའི་ནང་མཉམ་ཞུགས་གནང་མཁན་དགེ་འདུན་པ་རྣམས་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་སྩལ་གནང་མཛད་སྐབས་མགོན་པོ་གང་ཉིད་མཆོག་ནས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ནང་པའི་ཚོགས་ཆེན་ཞིག་གི་ཐོག་ནས་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཡོང་བའི་ཐུགས་རེ་གནང་བཞིན་ཡོད་པའི་བཀའ་སློབ་སྩལ་འདུག་པས། གོང་ཞུས་འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་རླབས་པོ་ཆེ་དང་མཐུན་འགྱུར་བཀའ་དྲིན་བསྐྱངས་པའི་ད་ལན་གཉན་ཡོད་ཀྱི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་དེས་སྣེ་དྲངས་ཐོག་མ་འོངས་པར་གཏན་གཏན་བོད་ལ་དགེ་སློང་མའི་སྡོམ་རྒྱུན་སླར་གསོ་ཡོང་བའི་རྟེན་འབྲེལ་འགྲིག་བཞིན་པའི་སྔོན་འགྲོ་ཞིག་ཏུ་ངོས་འཛིན་ཞུ་རིགས་སོ།།