ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༢/༢༧

རྒྱ་གཞུང་གིས་གློག་ཁང་རྒྱག་པར་རེབ་གོང་གླིང་རྒྱའི་ས་ཞིང་གཞུང་བཞེས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེང་སྐབས་རྒྱ་གཞུང་གིས་རེབ་གོང་གླིང་རྒྱའི་ཁུལ་དུ་ཆུ་གློག་ས་ཚིགས་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དེའི་ཆེད་དུ་ས་གནས་བོད་པ་མང་ཚོགས་ཀྱི་ས་ཞིང་མང་པོ་ཞིག་གཞུང་བཞེས་བྱས་སོང་ཞེས་བོད་ནང་གི་གནས་མཁོ་སྤྲོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་བྱུང་། ཁོང་གིས་རྒྱ་ནག་གཞུང་གིས་འཆར་བཀོད་ལྟར་མཚོ་སྔོན་ཟི་ལིང་གྲོང་ཁྱེར་ནས་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེང་ཏུའུ་གྲོང་ཁྱེར་བར་དུ་མེ་འཁོར་ལྕགས་ལམ་གསར་པ་ཞིག་འཛུགས་སྐྲུན་བྱེད་པའི་ལས་གཞི་ཞིག་མགོ་རྩོམ་གྱི་ཡོད་པ་དང་ལྕགས་ལམ་དེར་མེ་འཁོར་འབབས་ཚུགས་༡༤་འདུག་ཅེས་བཤད།།

ཁོང་གིས་ལས་གཞི་དེའི་ཁོངས་སུ་རེབ་གོང་རི་རྩ་སྡེ་པ་དང་ལྷན་ཁང་སྡེ་པ་གཉིས་ཡོད་སར་མེ་འཁོར་འབབ་ཚིགས་གཅིག་འཛུགས་སྐྲུན་བྱ་རྒྱུ་ཡིན་པར་མ་ཟད། གླིང་རྒྱའི་ས་ཐོག་དུ་ཆུ་གློག་ས་ཚིགས་ཆེན་པོ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་། ལས་གཞི་དེ་ལེགས་གྲུབ་བྱུང་བའི་རྗེས་སུ་ཆུ་གློག་མཁོ་འདོན་གྱིས་མཐའ་འཁོར་སྡེ་པ་ཁག་དང་དམིགས་བསལ་མེ་འཁོར་འབབས་ཚིགས་སུ་གློག་མཁོ་གཏོང་བྱ་རྒྱུ་རེད་ཅེས་བཤད་བྱུང་།།

དེ་སྔ་ཕྱི་ལོ་༢༠༡༦་ལོ་ནས་འཆར་གཞི་རིམ་འགོད་དང་། ད་ལྟ་ཉིན་མཚན་བསྟུན་མར་ཆུ་གློག་ས་ཚིགས་གསར་རྒྱག་གི་ལས་གྲྭ་གཉེར་བཞིན་འདུག གླིང་རྒྱ་ནི་ས་ཆ་དམའ་ས་དང་ས་ཞིང་རྒྱ་ཆེན་པོ། ལོ་ཏོག་དང་ཤིང་འབྲས་རིགས་ཀྱི་ཐོན་སྐྱེད་ཧ་ཅང་ཡག་ས། རོང་འབྲོག་གཉིས་ཀ་ཡོད་ས། ཡོངས་གྲགས་སུ་ལང་ཅིང་དང་སེར་གོས་ཆུ་ཞེས་ཆུ་གཉིས་ཡོད་པ་དེར་ཆུ་རགས་རྒྱག་གི་འདུག ཆུ་རགས་དེ་དང་མེ་འཁོར་ལྕགས་ལམ་གྱི་ལས་གཞིའི་རྐྱེན་པས་རྒྱལ་ཁབ་ཀྱི་བཙན་བཀའི་འོག་མང་ཚོགས་ཀྱི་ས་ཞིང་མང་པོ་ཞིག་གཞུང་བཞེས་གཏོང་གི་ཡོད་པས་རོང་འབྲོག་མང་ཚོགས་ཀྱི་འཚོ་བར་དོ་ཕོག་དང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་འདུག་ཅེས་འགྲེལ་བརྗོད་བྱས་སོང་།།

ད་དུང་ས་གནས་དེའི་བོད་པ་གཞན་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རེབ་གོང་གླིང་རྒྱའི་ཆུ་གློག་ས་ཚིགས་ནི་རྒྱ་གཞུང་གིས་གསར་རྒྱག་བྱེད་བཞིན་ཡོད་པའི་ཆུ་གློག་ས་ཚིགས་ཆེ་གྲས་ཤིག་ཡིན་ཞིང་། སྦྱིར་ཆུ་གློག་ས་ཚིགས་དེའི་ཆེད་དུ་གླིང་རྒྱའི་ས་ཆ་མང་པོ་ཞིག་གཞུང་བཞེས་བཏང་ཡོད་པ་དང་། མེ་འཁོར་ལྕགས་ལམ་ཁེལ་ཡུལ་སྨད་པ་སྡེ་བདུན་གྱི་ས་ཆ་མང་པོ་ཞིག་ཀྱང་གཞུང་བཞེས་བཏང་སོང་། མ་འོངས་པར་ལྕགས་ལམ་དང་ཆུ་གློག་འཛུགས་སྐྲུན་ལེགས་གྲུབ་བྱུང་རྗེས་ས་གནས་དེའི་འཁོར་ཡུག་དང་གནམ་གཤིས་སྐྱིད་པོ་ཡོད་པའི་སྟབས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་ཀྱི་སྤྱི་གླིང་དང་ཡུལ་སྐོར་ལྟེ་གནས་སོགས་འཛུགས་སྐྲུན་བྱ་སྲིད། དེར་བརྟེན་མང་ཚོགས་ཀྱི་ས་ཆ་དེ་ལས་མང་བ་ཞིག་བཙན་འཕྲོག་བྱ་རྒྱུ་རེད་བསམས་ནས་སེམས་ཁྲལ་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། བལ་ཡུལ་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG