ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཨུ་ཡུཀ་དམག་འཁྲུག་ནང་དུ་དམག་མི་འབུམ་༥་ཙམ་བསད་རྨས་བྱུང་སྐད། 


༄༅།། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་གཅིག་དང་ཕྱེད་ཀ་འགྲོ་བཞིན་པའི་མཚམས་འདིར་ཕྱོགས་གཉིས་ཀྱི་དམག་མི་འབུམ་༥་ཡས་མས་ཤིག་བསད་རྨས་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༡༨་ཉིན་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཚོས་ནེའུ་ཡོག་དུས་བབ་ཚོགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ཨུ་རུ་སུའི་གཞུང་གིས་དམག་མི་བསད་རྨས་ཅི་བྱུང་གི་གྲངས་འབོར་དེ་ཉུང་ཉུང་ཞིག་ལས་ཕྱིར་བསྒྲགས་བྱེད་ཀྱི་མེད་པ་དང་ཡུཀ་རེན་གྱིས་དམག་མི་ཅི་ཙམ་བསད་རྨས་བྱུང་བའི་གྲངས་འབོར་དེ་གསང་བ་བྱེད་ཀྱི་འདུག ང་ཚོས་ཨུ་ཡུག་དམག་འཁྲུག་ནང་དུ་ཕྱོགས་གཉིས་ཀྱི་དམག་མི་ཅི་ཙམ་བསད་རྨས་བྱུང་ཡོད་མེད་ཀྱི་གྲངས་འབོར་གསལ་པོ་ཞིག་ཤེས་དཀའ། ལོ་འདིར་ཡུཀ་རེན་གྱི་ཤར་ཕྱོགས་སུ་དམག་མི་བསད་རྨས་ཚབས་ཆེན་བྱུང་ཞིང་། ད་ལྟ་ཡུཀ་རེན་གྱིས་ཕར་རྒོལ་བྱས་ནས་ཟླ་བ་༣་འགྲོ་ཡི་ཡོད་པ་དང་ཕྱོགས་གཉིས་ཀྱི་དམག་མི་བསད་རྨས་འབྱུང་རྒྱུ་མཚམས་ཆད་ཀྱི་མི་འདུག ཨུ་རུ་སུའི་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་དེ་འབུམ་༣་ཟིན་གྲབས་ཡོད་པ་དང་ཡུཀ་རེན་གྱི་དམག་མི་འབུམ་༡་དང་ཁྲི་ཚོ་༧་ནས་འབུམ་༡་དང་ཁྲི་ཚོ་༨་ཡས་མས་ཤིག་བསད་རྨས་བྱུང་འདུག་ཅེས་ནང་མོལ་བྱས་པའི་གནས་ཚུལ་ཐོན་འདུག

ཡུཀ་རེན་ལ་མི་འབོར་ས་ཡ་༣༦་ལྷག་ཡོད་པ་དེའི་ཁོངས་སུ་གཞུང་དམག་དང་ཟུར་འཇོག་དམག་མི། ཡུལ་དམག་བཅས་ཁྱོན་བསྡོམས་དམག་མི་འབུམ་༥་ལས་མེད་ཅིང་། ཨུ་རུ་སུར་མི་འབོར་དུང་ཕྱུར་༡་དང་བྱེ་བ་ལྔ་མ་ཟིན་ཙམ་ཞིག་ཡོད་པ་དེའི་ཁོངས་སུ་གཞུང་དམག་དང་ཟུར་འཇོག་དམག་མི། ཡུལ་དམག་བཅས་ཁྱོན་བསྡོམས་དམག་མི་ས་ཡ་༡་དང་འབུམ་༣་ལྷག་ཡོད་པ་སྟེ། ཡུཀ་རེན་ལས་དམག་མི་ལྡབ་གསུམ་མང་བ་ཡོད་པའི་གནས་ཚུལ་ཐོན། ན་ནིང་ཕྱི་ཟླ་༡༡་པའི་ནང་དུ་ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མེ་ལིས་དམག་འཁྲུག་འགོ་བཙུགས་ནས་བཟུང་སྟེ་ཨུ་ཡུཀ་གཉིས་ཀྱི་དམག་མི་འབུམ་རེ་བསད་རྨས་བྱུང་འདུག་ཅེས་བསྒྲགས། ཡིན་ནའང་ཨ་རིའི་གསང་བའི་ལས་ཁུངས་དང་དབྱིན་ཇིའི་གསང་བའི་ལས་ཁུངས། ནུབ་ཕྱོགས་རྒྱལ་ཁབ་འགའ་ཞིག་གི་གསང་བའི་ལས་ཁུངས་ཁག་གིས་ཡུཀ་རེན་དང་ཨུ་རུ་སུའི་དམག་མི་འབུམ་༡་དང་ཁྲི་ཚོ་༢་ཡས་མས་རེ་བསད་རྨས་བྱུང་ཡོད་པའི་ཚོད་དཔག་བྱས་འདུག

ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མེ་ལིས
ཨ་མི་རི་ཀའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མེ་ལིས

ན་ནིང་དགུན་ཁ་དང་ལོ་འདིའི་དཔྱིད་ཀར་ཡུཀ་རེན་དང་ཨུ་རུ་སུའི་དམག་གིས་བྷག་མུ་ཏ་གྲོང་ཁྱེར་དུ་འཐབ་འཁྲུག་དྲག་པོ་བརྒྱབ་སྟེ་ཕྱོགས་གཉིས་ཀྱི་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་མང་དུ་འཕར། ལྷག་པར་དུ་བྷག་མུ་ཏ་གྲོང་ཁྱེར་དུ་ཨུ་རུ་སུའི་དམག་མི་སྡེབ་གསོད་བྱུང་བ་དེར་གསར་འགྱུར་ལས་ཁུངས་ཁག་གིས་ཨུ་རུ་སུའི་དམག་མི་རྣམས་ཤ་འཐག་འཁྲུལ་ཆས་ནང་དུ་བཏགས་པ་ལྟར་གསོད་ཀྱི་འདུག་ཅེས་གནས་ཚུལ་སྤེལ། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་བྷག་མུ་ཏ་གྲོང་ཁྱེར་དུ་ཨུ་རུ་སུའི་དམག་མི་སྟོང་ཕྲག་མང་པོ་བསད་སོང་། ཕྱི་ཟླ་༥་པའི་ནང་གྲོང་ཁྱེར་དེ་མ་ཤོར་བར་དུ་ཡུཀ་རེན་གྱི་དམག་ལའང་བསད་རྨས་ཚབས་ཆེན་ཕོག་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དམག་སྦྱོང་སྤྲད་པའི་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ཀྱང་ནུས་པ་ཆེན་པོ་ཞིག་མ་ཐོན། ཡུཀ་རེན་གྱི་དམག་ལ་སྐམ་དམག་དང་མེ་སྒྱོགས་དཔུང་སྡེ། འཐབ་འཁོར་དཔུང་སྡེ་བཅས་ཀྱི་མཉམ་དུ་ཕར་རྒོལ་བྱ་དགོས་པའི་དམག་སྦྱོང་སྤྲད་པ་རྣམས་དམག་ས་ཁག་ཏུ་དངོས་སུ་ལག་ལེན་བསྟར་མ་ཐུབ་པའི་གནས་ཚུལ་ཐོན།།

ནེའུ་ཡོག་དུས་བབ་ཚགས་པར་གྱིས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་གཞུང་འབྲེལ་མི་སྣ་ཚོར་སྐད་ཆ་དྲིས་ནས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་ཕར་རྒོལ་བྱས་ནས་བདུན་ཕྲག་དང་པོ་དང་གཉིས་པའི་རིང་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྤྲད་པའི་ལྕགས་ཁྲབ་འཁོར་ལོ་དང་དམག་འདྲེན་འཐབ་འཁོར་སོགས་མཚོན་ཆ་བརྒྱ་ཆ་༢༠་ལྷག་ལ་གཏོར་སྐྱོན་ཕོག ཉེ་དུས་ཤིག་ནས་ཡུཀ་རེན་གྱི་འཐབ་ཇུས་ལ་འགྱུར་བ་བཏང་སྟེ་དམག་གིས་དཔུང་འཇུག་མ་བྱས་པར་རྒྱང་ནས་མེ་སྒྱོགས་དང་འཕུར་མདེལ་བརྒྱབ་ནས་ཨུ་རུ་སུའི་བཙན་ས་རྣམས་གཏོར། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཡུཀ་རེན་གྱི་མདེའུ་རྣམས་མྱུར་དུ་ཚར་རྒྱུའི་བློ་འཚབ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཡུཀ་རེན་གྱི་དམག་དཔུང་བཀོད་འདོམས་པ་ཚོས་དམག་མིའི་ཚེ་སྲོག་སྐྱོབ་རྒྱུ་གཙིགས་སུ་བཟུང་། ལོ་གཅིག་གི་དམག་འཁྲུག་ནང་དུ་ཡུཀ་རེན་གྱི་དམག་མིར་སྲོག་སྐྱོན་ཕོག་པའི་གྲངས་འབོར་ནི་ཨ་མི་རི་ཀས་༡༩༥༥་ནས་༡༩༧༥་བར་དུ་ཝི་ཏེ་ནམ་ལ་དམག་འཁྲུག་བརྒྱབ་ནས་དམག་མི་༥༨༠༠༠་བསད་པ་དང་༢༠༠༡་ནས་༢༠༢༡་བར་དུ་ཨབ་གྷ་ཎི་སི་ཐན་ལ་དམག་འཁྲུག་བརྒྱབ་ནས་དམག་མི་༦༩༠༠༠་བསད་པ་ལས་ཀྱང་མང་བ་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༣་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་མཁའ་འབབ་དམག་ཤོག་གི་བཀོད་འདོམས་པ་དམག་སྤྱི་མཱི་ཧེལ་ཊེབ་ལིན་སི་ཀིས་བརྙན་ཐུང་ཞིག་བཀྲམ་ནས་དམག་ཤོག་དེའི་དམག་མི་ཅི་ཙམ་བསད་རྨས་བྱུང་མིན་ཕྱིར་བསྒྲགས་བྱུང་། དམག་སྤྱི་ཊེབ་ལིན་སི་ཀིས་ན་ནིང་ཕྱི་ཟླ་༢་པའི་ནང་དམག་འཁྲུག་འགོ་བཙུགས་ནས་བཟུང་སྟེ་ང་ཚོའི་དམག་ཤོག་གི་དམག་མི་༨༥༠༠་ལྷག་ལ་རྨས་སྐྱོན་ཕོག ལོ་གཅིག་དང་ཟླ་བ་ལྔའི་རྗེས་སུ་དམག་མི་རྨས་མ་༥༠༠༠་དྲག་སྐྱེད་བྱུང་སྟེ་བསྐྱར་དུ་དམག་སར་བསླེབས་བྱུང་། དམག་མི་རྨས་མ་༣༥༠༠་ལྷག་དམག་ས་ནས་སྨན་བཅོས་བྱེད་དུ་ཕྱིན་མ་སོང་ཞེས་བསྔགས་བརྗོད་བྱས་ཀྱང་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་འཕྲལ་དུ་བརྙན་ཐུང་དེ་དྲྭ་ལམ་ནས་བསུབས་པར་མ་ཟད། དམག་སྤྱི་ཊེབ་ལིན་སི་ཀིར་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ནག་ཐོག་ཏུ་གནས་དབྱུང་བཏང་ནས་ཉེས་ཆད་བཅད།།

སྲིད་དོན་ཉམས་ཞིབ་པ་ཚོས་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། ཨུ་རུ་སུའི་རྒྱལ་ནང་དུ་ཕུ་ཊིན་ལ་ཆབ་སྲིད་ཀྱི་ཁ་གཏད་པ་མེད་པས་དམག་མི་བསད་རྨས་ཅི་ཙམ་བྱུང་ཡང་དམག་འཁྲུག་མཚམས་འཇོག་བྱེད་མི་སྲིད། ཕུ་ཊིན་གྱིས་རང་གི་མི་དམངས་ལ་ཡུཀ་རེན་གྱི་དམག་འཁྲུག་ནི་འཛམ་གླིང་དམག་ཆེན་གཉིས་པའི་དུས་སུ་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཁ་ཕྲད་པ་དང་གཅིག་མཚུངས་རེད་ཅེས་འགྲེལ་བཤད་ལོག་པ་བརྒྱབ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཟུར་པ་དང་མེ་ཁེན་ཞིབ་འཇུག་ཁང་གི་འགན་འཛིན་ཨེབ་ལིན་ཧྥར་ཁ་སི་ཡིས་ཡུཀ་རེན་ནི་དམངས་གཙོའི་རྒྱལ་ཁབ་ཅིག་རེད། མི་སྲོག་ཅི་ཙམ་ཤོར་ན་དེ་ལ་ཆབ་སྲིད་ཀྱི་མཇུག་འབྲས་ཤིག་སྨིན་ཤས་ཆེ། ཕུ་ཊིན་ནི་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་པས་མི་དམངས་ཀྱི་བསམ་ཚུལ་ལ་བསྟུན་མི་དགོས་པ་དང་དམག་འཁྲུག་གི་སྲིད་ཇུས་ལ་ཤུགས་རྐྱེན་ཐེབས་མི་སྲིད་ཅེས་བསྟན། ཕུ་ཊིན་གྱིས་ཨུ་རུ་སུའི་དམག་ཞབས་ཀྱི་ལོ་ཚད་ཀྱང་སྤར་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཟུར་པ་དང་མེ་ཁེན་ཞིབ་འཇུག་ཁང་གི་འགན་འཛིན་ཨེབ་ལིན་ཧྥར་ཁ་སི་
ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཟུར་པ་དང་མེ་ཁེན་ཞིབ་འཇུག་ཁང་གི་འགན་འཛིན་ཨེབ་ལིན་ཧྥར་ཁ་སི་

ཕྱི་ཟླ་༨་པའི་ཚེས་༡༧་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པས་ཨ་རིའི་གསང་བའི་ལས་ཁུངས་ལ་སྐད་ཆ་དྲིས་ནས་གནས་ཚུལ་སྤེལ་བ་ན། ཨུ་རུ་སུའི་དམག་གིས་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་མང་པོར་ས་མེ་སྤས། ས་དོང་བྲུས་ཏེ་འགོག་རྡོ་བསླངས། ཡུཀ་རེན་གྱི་དམག་གིས་དཔུང་འཇུག་བྱས་ནས་མདུན་སྐྱོད་བྱེད་མི་ཐུབ་པ་ཞིག་ཏུ་གྱུར། ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨ་སྒོར་དུང་ཕྱུར་མང་པོའི་མཚོན་ཆ་རོགས་རམ་སྤྲད་ཀྱང་ཡུཀ་རེན་གྱི་དམག་གིས་མགྱོགས་མྱུར་ངང་དུ་རྒྱལ་ཁ་ལེན་ཐུབ་ཀྱི་མི་འདུག ཡུཀ་རེན་གྱི་དམག་གིས་རོ་བྷོ་ཊི་ནེ་གྲོང་རྡལ་ནས་དབྱིན་ལེན་༥༠་ལྷག་གི་ཕ་རོལ་ཏུ་ཆགས་པའི་མེ་ལི་ཊོ་པོལ་གྲོང་ཁྱེར་ལེན་ཐུབ་རྒྱུ་ཁག་པོ་རེད། མེ་ལི་ཊོ་པོལ་གྲོང་ཁྱེར་ནི་རྒྱ་ལམ་གཉིས་དང་མེ་འཁོར་ལྕགས་མཐུད་མཚམས། ཨུ་རུ་སུས་དམག་གིས་ཡུཀ་རེན་གྱི་ལྷོ་ཕྱོགས་སུ་མཚོན་ཆ་དང་རྒྱགས་ཆས་སྐྱེལ་འདྲེན་བྱེད་པར་ཧ་ཅང་གི་གནད་འགག་ཆེ། གྲོང་ཁྱེར་དེ་ཁེ་རི་མཱི་ཡ་གླིང་ཟུར་དུ་བསྐྱོད་པའི་འཛུལ་སྒོ་ལྟ་བུ་ཞིག་རེད། ཡུཀ་རེན་གྱི་དམག་གིས་མེ་ལི་ཊོ་པོལ་མ་བླངས་སྔོན་དུ་ཊོག་མག་གྲོང་ཁྱེར་སོགས་ལེན་ཐུབ་རྒྱུ་དཀའ་ངལ་ཆེན་པོ་རེད་ཅེས་གནས་ཚུལ་སྤེལ་འདུག

ཕྱི་སྲིད་ཉམས་ཞིབ་ཁང་གི་དམག་དོན་ཞིབ་འཇུག་པ་རོབ་ལིས་ཨུ་རུ་སུའི་དམག་གིས་མེ་ལི་ཊོ་པོལ་གྲོང་ཁྱེར་གྱི་སྲུང་སྐྱོབ་ལ་འགོག་ར་རིམ་པ་གསུམ་བསྐོར་འདུག ཡུཀ་རེན་གྱི་དམག་གིས་འགོག་ར་རིམ་པ་གཉིས་གཏོར་ཐུབ་པའི་དབང་དུ་བཏང་རུང་འགོག་ར་རིམ་པ་གསུམ་དེ་གཏོར་ཐུབ་རྒྱུ་ཡིན་ནམ། ཊོག་མག་གྲོང་ཁྱེར་བླངས་པའི་རྗེས་སུ་ཡུཀ་རེན་ལ་མེ་ལི་ཊོ་པོལ་གྲོང་ཁྱེར་དུ་དཔུང་འཇུག་བྱེད་པའི་དམག་མི་འདང་ངེས་ཡོད་དམ་ཞེས་དོགས་སློང་བྱས་འདུག ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་ཡུཀ་རེན་གྱི་དམག་འཁྲུག་གི་གནས་སྟངས་སྙན་སེང་ཞུས་པའི་རྗེས་སུ་ནང་ཁུལ་དུ་ཕན་ཚུན་སྐྱོན་འཛུགས་བྱ་རྒྱུ་མགོ་བརྩམས། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཡུཀ་རེན་གྱི་ཕར་རྒོལ་ལ་གྲུབ་འབྲས་ཐོན་གྱི་མེད་པ་དང་སྲིད་འཛིན་བྷ་ཌན་གྱིས་སླར་ཡང་ཡུཀ་རེན་ལ་དམག་དོན་རོགས་རམ་ཨ་སྒོར་དུང་ཕྱུར་༢༠༦་དགོས་ཟེར་གྱི་ཡོད་པ་སྤྲོད་ཐུབ་ས་མ་རེད་ཟེར། དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མཁྲེགས་འཛིན་པ་ཁག་ཅིག་གིས་སྲིད་འཛིན་བྷ་ཌན་གྱིས་སྔོན་ནས་ཡུཀ་རེན་ལ་དེང་རབས་ཅན་གྱི་མཚོན་ཆ་མ་སྤྲད་པར་ནར་འགྱངས་བཏང་བ་ནོར་འཁྲུལ་རེད་ཅེས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

འབྲེལ་ཡོད།

XS
SM
MD
LG