ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༡/༢༤

རྒྱ་མིས་ཧ་མ་སིར་རྒྱབ་སྐྱོར་དང་ཨི་སི་རལ་ལ་ངོ་རྒོལ།


རྒྱའི་དྲ་ལམ་དུ་དྲ་མང་གིས་ཧ་མ་སི་ལ་རྒྱབ་སྐྱོར་དང་ཨི་སི་རལ་ལ་ངོ་རྒོལ་བྱེད་བཞིན་པ།
རྒྱའི་དྲ་ལམ་དུ་དྲ་མང་གིས་ཧ་མ་སི་ལ་རྒྱབ་སྐྱོར་དང་ཨི་སི་རལ་ལ་ངོ་རྒོལ་བྱེད་བཞིན་པ།

ཨི་སི་རལ་ཕྱི་སྲིད་ལྷན་ཁང་གིས་གནས་ཚུལ་སྤེལ་བར་ཚེས་༡༣་ཉིན་པེ་ཅིན་གྱི་སྲང་ལམ་དུ་རྒྱ་ནག་བཅའ་སྡོད་ཨི་སི་རལ་གཞུང་ཚབ་ཁང་གི་ལས་བྱེད་ཅིག་ལ་མི་ཞིག་གིས་གྲིས་བཙུགས་ནས་ཚུར་རྒོལ་བྱས་ཤིང་ལས་བྱེད་དེར་སྨན་བཅོས་བྱེད་བཞིན་ཡོད་པ། གནས་ཚུལ་འདི་ལ་དམིགས་པའི་གྱོད་དོན་རྟོགས་ཞིབ་བྱེད་མགོ་བཙུགས་ཡོད་པ་བཀོད་འདུག

དྲ་ལམ་དུ་བརྙན་པར་ཞིག་ཁྱབ་བཞིན་པའི་ནང་སྟོད་ལྭ་དཀར་པོ་གྱོན་པའི་མི་ཞིག་གིས་མི་གཞན་ཞིག་ལ་གྲི་ཡིས་འཛུགས་བཞིན་པ་དང་། དེའི་རྗེས་ཕན་ཚུན་གཉིས་ཀ་འཇུ་རེས་བྱེད་པ། གྲི་འཛིན་མཁན་དེས་ཡང་ནས་བསྐྱར་དུ་ཕ་རོལ་བོར་གྲི་ཡིས་འཛུགས་བཞིན་པ། དེའི་རྗེས་རྨས་སྐྱོན་ཕོག་པའི་མི་དེ་བྲོས་པ་དང་། གྲི་བཟུང་བའི་མི་དེ་ཡང་གནས་ཚུལ་བྱུང་ས་ནས་ཁ་བྲལ་བའི་རྒྱུད་རིམ་ཆ་ཚང་ཞིག་མཐོང་རྒྱུ་འདུག ད་དུང་བརྙན་པར་དེའི་ནང་ཕྱོགས་གཉིས་ཀྱི་ལྭ་བར་ཁྲག་འགོས་པ་དང་ས་རུ་ཁྲག་གི་ཐིགས་པ་མང་པོ་ཡོད་པ་མཐོང་རྒྱུ་འདུག གནད་དོན་འདིའི་ཐོག་ལ་ཨ་རིའི་གཞུང་ཚབ་ཆེན་མོ་ནཱི་ཁོ་ལཱ་སི་བྷན་སི་ཡིས་དྲ་ལམ་དུ། དེ་རིང་པེ་ཅིན་དུ་ཨི་སི་རལ་གྱི་ཕྱི་འབྲེལ་མི་སྣ་ཞིག་ལ་ཚུར་རྒོལ་བྱུང་བར་ཧ་ལས་སོང་། ཨི་སི་རལ་གྱི་གཞུང་ཚབ་ལ་འབྲེལ་བ་ཞུས་ཏེ་རྒྱ་ནག་ཏུ་ཡོད་པའི་ཨི་སི་རལ་གྱི་གཞུང་ཚབ་དང་ཨི་སི་རལ་མི་མང་ལ་ཨ་མེ་རི་ཀས་རོགས་རམ་མཐུན་རྐྱེན་ཆ་ཚང་སྦྱོར་རྒྱུ་ཡིན་པའི་སྐོར་བརྗོད་ཡོད། ཅེས་བྲིས་འདུག

སྤྱི་ཟླ་༡༠་བའི་ཚེས་༧་ཉིན་ཨི་སི་རལ་ལ་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གིས་གློ་བུར་དུ་དྲག་པོའི་རྒོལ་རྡུང་བྱས་ཤིང་ འཛམ་གླིང་ཤར་ནུབ་གང་སར་ཨི་སི་རལ་དང་པ་ལི་ས་ཐན་བར་གྱི་དཀའ་རྙོག་གི་འབྱུང་ཁུངས་དང་འཕེལ་རིམ། ས་ཁོངས་བདག་དབང་དང་ཆོས་ལུགས་ཀྱི་གནད་དོན་སོགས་ལ་ལྟ་ཚུལ་གྱི་གཏམ་སྤྱོད་སྣ་ཚོགས་པ་སྤེལ་བཞིན་ཡོད་མོད། འོན་ཀྱང་ཚང་མར་ཐུན་མོང་གི་ལྟ་ཚུལ་ཞིག་ཡོད་པ་ནི་དྲག་པོའི་འཐབ་འཁྲུག་ཁྲོད་དུ་གནོད་སྐྱོན་ཐེབས་ས་ཆེ་ཤོས་ནི་ཞི་བའི་མི་སེར་དང་བུད་མེད། བྱིས་པ་བཅས་ཡིན་པས། སུ་ཞིག་གིས་ཞི་བའི་མི་སེར་ལ་དྲག་སྤྱོད་གཏོར་རྒོལ་བྱེད་ཚེ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་སྲོལ་ཡོད་པ་ལས། ཧ་མ་སི་ཤོག་ཁག་གིས་འཇིགས་སྐུལ་དྲག་སྤྱོད་སྤེལ་བར་ནུབ་ཕྱོགས་པ་ཚོས་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གི་དྲ་ལམ་ཁག་ཏུ་ཁྲག་དྲི་བྲོ་བའི་དྲག་སྤྱོད་གཏོར་རྒོལ་དེ་ནི་ཨི་སི་རལ་ལ་བབ་ཡོད་པ་ཞིག་དང་། ཨི་སི་རལ་གྱིས་པ་ལི་སི་ཐན་པའི་ས་ཆ་བཙན་འཕྲོག་དང་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་སྡུག་པོ་བཏང་བའི་ཉེས་དམིགས་རེད་ཅེས་ཇེའུ་མི་རིགས་ལ་རྒོལ་བའི་གཏམ་སྤྱོད་རྦ་རླབས་ལྟར་འཕྱུར་བཞིན་འདུག

ཚེས་༧་ཉིན་ལ་ཧ་མ་སི་ཤོག་ཁག་གིས་དྲག་པོའི་ཚུར་རྒོལ་བྱས་རྗེས་ཨོ་སི་རལ་གཞུང་གིས་ཧ་མ་སི་ལ་དྲག་པོའི་དམག་འཐབ་བྱེད་རྒྱུའི་གསལ་བསྒྲགས་བསྐྱངས་ཤིང་། སྐབས་དེར་རྒྱ་ནག་གཞུང་གིས་གདོང་ཐུག་གི་གནས་བབ་ལ་དོ་སྣང་བྱེད་བཞིན་ཡོད་ཅིང་། ཕྱོགས་གཉིས་ཀ་ལྷོད་ལ་བབ་ཏེ་མེ་འཕེན་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་དང་མཉམ་དུ་ཡང་། པ་ལི་སི་ཐན་གྱིས་རང་བཙན་གྱི་རྒྱལ་ཁབ་ཅིག་འཛུགས་རྒྱུར་རྒྱབ་སྐྱོར་ཡོད་པ་ཡང་བརྗོད་ཡོད། དེའི་བར་ན་ཚེས་༩་ཉིན་ལ་ཞི་ཅིན་པེན་དང་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཆཱིག ཕྱའུ་མཱར་གཉིས་མཇལ་འཕྲད་གྲོས་མོལ་བྱས་རྗེས། རྒྱ་ནག་གིས་ཞི་བའི་མི་སེར་ལ་གནོད་སྐྱོན་གཏོང་བར་ངོ་རྒོལ་ཡོད་ཅེས་བརྗོད་ཀྱང་། རྒྱ་ནག་གིས་ཧ་མ་སི་ལ་སྐྱོན་བརྗོད་བྱས་མེད་པ་མ་ཟད། རྒྱའི་དྲ་མང་གིས་མངོན་གསལ་དོད་པོས་ཧ་མ་སིར་རྒྱབ་སྐྱོར་གྱིས་ཧ་མ་སི་ཡི་བརྗོད་སྟངས་ལྟར་ཨི་སི་རལ་གྱིས་རང་སྡུག་རང་གིས་ཉོས་པ་རེད་ཅེས་འགྲེལ་བཞིན་འདུག

༡ རྒྱའི་དྲ་མང་གིས་ཧ་མ་སི་ལ་རྒྱབ་སྐྱོར།

རྒྱ་ནག་གི་དྲ་ལམ་དུ་མི་རིགས་རིང་ལུགས་སྤེལ་མཁན་སྐད་གྲགས་ཅན་ཙི་ཝུ་ཞ་ཧྲི་ཡིས། འདས་པའི་ལོ་རྒྱུས་སུ་འཇར་མན་ནཱ་ཛི་ཁྱེད་ཚོ་གསོན་པོ་འཚོ་རུ་བཅུག་མེད། དེང་སེང་ཁྱེད་ཚོས་པ་ལི་སི་ཐན་པ་ཚོ་གསོན་པོ་འཚོ་རུ་མཇུག་གི་མེད། འཇིག་རྟེན་འདིར་སུ་ཞིག་གིས་ཀྱང་སུ་ཞིག་འུ་ཐུག་ཐབས་ཟད་བར་མ་འདེད། དེ་མ་གཏོགས་ཁྱེད་རང་གིས་རང་ཉིད་ལ་དུར་ས་བརྐོས་པ་རེད་ཅེས་བྲིས་འདུག

ཡང་ཐེ་ཞོ་ཅོན་ཞེས་པ་ཞིག་གིས་པ་ལིས་སི་ཐན་གྱི་དམག་ས་ནས་སྐྱོབས་པའི་བྱིས་པ་ཞེས་པའི་བརྙན་པར་ཁག་ཅིག་བཞག་ཏེ། དམག་འཁྲུག་གིས་སྔ་ས་ནས་པ་ལི་སི་ཐན་བྱིས་པ་ཚོའི་སེམས་ནང་ལ་ཤ་འཁོན་གྱི་ས་བོན་བཏབ་ཡོད་ཅེས་བྲིས་ཏེ་ཧ་མ་སིས་དྲག་སྤྱོད་སྤེལ་བར་རྒྱུ་མཚན་ཡོད་པ་བཀོད་འདུག

ཡང་ཨི་སི་རལ་ལ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གི་པོད་ཕྲན་དུ་ཨི་སི་རལ་དང་རྒྱ་རིགས་འདྲེས་མའི་བུ་མོ་ཞིག་ཧ་མ་སིས་བཙན་ཁྲིད་བྱེད་པའི་སྐོར་གནས་ཚུལ་སྤེལ་ཞིང་དེའི་ནང་དུ་ཧ་མ་སི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཞེས་བྲིས་ཡོད་ཀྱང་། དེའི་རྗེས་ཟིན་ཐོ་དེ་ནག་བསུབ་བཏང་བ་དང་། རིམ་བཞིན་ད་ལྟ་རྒྱ་ནག་གི་པོད་ཕྲན་དུ་ཨི་སི་རལ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཀྱི་དྲ་བྱང་རྦད་དེ་བཀག་སྡོམ་བྱས་འདུག

༢ ཇེའུ་མི་རིགས་ལ་ངོ་རྒོལ་དང་ཁ་རྡུང་།

རྒྱ་ནག་གི་དྲ་ལམ་དུ་ཨི་སི་རལ་ལ་ས་ཁོངས་བདག་དབང་བཙན་འཕྲོག་བྱས་པར་སྐྱོན་བརྗོད་བྱེད་པ་གཅིག་པུ་མ་ཡིན་པར། ཇེའུ་མི་རིགས་ལ་ངོ་རྒོལ་བྱེད་བཞིན་འདུག དཔེར་ན་ཀྲང་ཐེ་ཀུན་ཞེས་པ་ཞིག་གིས། ཇེའུ་མི་རིགས་ཀྱིས་དམག་ཆེན་གཉིས་པའི་སྐབས་སུ་ཧ་ལས་པའི་མྱངས་རབས་བཤད་རྒྱུར་དགའ། ལོ་རྒྱུས་སུ་རང་ཉིད་ཀྱིས་སྡུག་པོ་མྱངས་ཡོད་ཚུལ་བཤད་རྒྱུར་དགའ། གལ་ཏེ་སྐད་ཆ་དྲིས་ན། ལམ་སེང་མི་རིགས་དབྱེ་འབྱེད་རེད། འབྱོར་བ་ཆེ་བས་མ་དགའ་བ་རེད་ཅེས་བཤད་རྒྱུར་དགའ། ཡིན་ཡང་དམག་ཆེན་གཉིས་པར་ཇེའུ་མིག་རིགས་རྩ་མེད་ཀྱི་གནས་ཚུལ་མ་བྱུང་བའི་སྔོན་དུ་ཡོ་རོབ་ཏུ་ཇེའུ་མི་རིགས་ཀྱི་མིང་ངན་ས་སྟེང་ལ་ཁྱབ་་ཡོད། ཅེས་བྲིས་ཏེ་ཇེའུ་མི་རིགས་ལ་དབྱེ་འབྱེད་བྱེད་དོན་དང་མི་རིགས་སྡེབས་གསོད་ཀྱིས་རྩ་མེད་གཏོང་དོན་ནི་ཇེའུ་མི་རིགས་རྒྱུ་ནོར་ལ་འདོད་རྔམ་ཆེ་བ་ལས་བྱུང་བ་ཡིན་པའི་སྐོར་ཟིན་ཐོ་སྤེལ་བར་དྲ་མང་༢༠༠༠་ལྷག་གིས་དགའ་རྟགས་སྤྲད་འདུག

ཡང་ཟིན་ཐོ་སྤེལ་མཁན་ཧྲིན་མིན་ཧྲེ་ཨར་ཞེས་པ་ཞིག་གིས་ཇེའུ་མི་རིགས་ཀྱིས་རང་གི་ནག་ཉེས་ལ་བསམ་ཞིབ་བྱེད་པའི་དུས་ཚོད་ཡིན་པར་བྲིས་པའི་ནང་། གནའ་བོའི་ཨཱི་ཇེབ་ཀྱི་ཧྥ་རོ་དང་། རཱོམ་གྱི་རྒྱལ་རབས། དུས་རབས་བར་མའི་ཡུ་ཤུ་གདན་རབས། དེའི་རྗེས་ནཱ་ཛི་བཅས་སྐབས་སོ་སོར་ཇེའུ་མི་རིགས་ལ་དཀའ་རྙོག་བྱུང་དོན་ཅི་རེད་དམ། དེང་སེང་གི་མིས་བཤད་སྟངས་ལྟར་ན་དོན་རྐྱེན་གང་དུ་བྱུང་ན་ཁྱེད་རང་དེར་ཡོད་དོན་ཅི་རེད། ཇེའུ་མི་རིགས་གང་དུ་ཡོད་ན་དེ་རུ་ནཱ་ཛི་དང་ཆ་འདྲ་བའི་དོན་རྐྱེན་འབྱུང་བཞིན་པར་ཇེའུ་མི་རིགས་རང་ཉིད་ཀྱིས་འགྲེལ་བརྗོད་བྱེད་རན་རེད་ཅེས་བྲིས་འདུག ཟིན་ཐོ་འདིར་དགའ་རྟགས་སྤྲོད་མཁན་༥༠༠༠་འདུག

ཨི་སི་རེལ་གཞུང་གིས་པེ་ཅིན་ནས་སྐྱེས་པའི་མི་རིགས་འདྲེས་མའི་བུ་མོ་ཞིག་ཧ་མ་སི་ཡིས་ཚུར་རྒོལ་སྐབས་བཙན་ཁྲིད་བྱས་པ་དང་ད་ལྟ་གནས་སྟངས་ཤེས་རྟོགས་མེད་པའི་གནས་ཚུལ་སྤེལ། ཡིན་ན་ཡང་དེའི་དཔྱད་མཆན་འབྲི་སར་དྲ་མང་གིས་ཨི་སི་རལ་གྱིས་བུ་མོ་འདི་བེད་སྤྱོད་བཏང་ནས་དམག་འཐབ་དེའི་ནང་ལ་རྒྱ་ནག་དྲུད་ཡོང་ཐབས་བྱེད་བཞིན་པར་ངོ་མཚང་འདྲུ་བཞིན་འདུག

དྲ་གྲོགས་ཤིག་གིས་པེ་ཅིན་ནས་སྐྱེས་པའི་ཨི་སི་རེལ་གྱི་བུ་མོ་ཨི་སི་རེལ་གྱི་མི་རེད་དམ། དེ་ན་ང་ཚོ་དང་འབྲེལ་བ་ཅི་ཡོད་ཅེས་དང་། ཡང་ཨི་སི་རལ་གྱི་མིའི་གནད་དོན་ཐད་ལ་རྒྱ་ནག་དྲུད་མ་ཡོང་། ངས་ད་དུང་རྒྱ་ནག་གི་ཞི་བདེ་སྲུང་དམག་ཅིག་ཨི་སི་རེལ་གྱིས་བསད་པ་དེ་དྲན་ཡོང་གི་འདུག་ཅེས་སྤྱི་ལོ་༢༠༠༦་ལོར་ཨི་སི་རལ་དང་ལི་བྷ་ནོ་བར་གྱི་དམག་འཁྲུག་སྐབས་སུ་དཀྱིལ་ཤར་ཡུལ་གྲུ་ཁག་ལ་རྒྱལ་ཚོགས་ཀྱི་སྲུང་དམག་ཡོད་པ་བར་སྣང་ལ་ལྟ་སྲུང་དུ་བསྐྱོད་སྐབས། ཨི་སི་རལ་གྱི་བར་སྣང་འཕུར་འདེལ་གྱིས་གཞུས་པས། མཉམ་འབྲེལ་དམག་མི་རྐྱེན་འདས་སུ་སོང་བའི་ནང་ལ་རྒྱ་ནག་གི་དམག་མི་ཞིག་ཡོད་པ་དེ་གླེང་སློང་བྱས་པ་དང་། འདས་པའི་གཟའ་འཁོར་འདིའི་ནང་རྒྱ་ནག་གི་དྲ་ལམ་དུ་ཨི་སི་རལ་གྱིས་རྒྱ་ནག་བཅིངས་གྲོལ་དམག་མི་ཞིག་བསད་པ་རེད་ཅེས་གནས་ཚུལ་ཤུགས་ཆེན་སྤེལ་བཞིན་ཡོད་འདུག

རྒྱ་ནག་ཏུ་ཡོད་པའི་ཨ་སི་རལ་དོན་གཅོད་ཁང་ཁག་གི་པོད་ཕྲན་ལ་དྲ་ལམ་ནས་རྒོལ་རྡུང་ཐེབས་པ་དང་། དཔེརན་ཀཱང་ཀྲུ་བཅའ་སྡོད་ཨི་སི་རལ་དོན་གཅོད་ཁང་གིས་ཧ་མ་སིས་ཚུར་རྒོལ་བྱེད་བཞིན་པའི་ཟིན་ཐོ་ཞིག་སྤེལ་བ་དེའི་གཤམ་དུ། ཇེའུ་འཇིགས་སྐུལ་རིང་ལུགས་པ་དང་ཇེའུ་ན་ཛི་གསར་བ་ཕམ་པར་གཏོང་ཞེས་བྲིས་པ་དེར་དྲ་མང་གིས་དགའ་རྟགས་མང་ཤོས་སྤྲད་ཡོད་འདུག ད་ལྟ་རྒྱ་ནག་བཅའ་སྡོད་ཨི་སི་རེལ་གཞུང་ཚབ་ཁང་གི་པོད་ཕྲན་དུ་ཟིན་ཐོ་གང་སྤེལ་བར་དཔྱད་མཆན་འབྲི་མི་ཐུབ་པ་བཟོས་འདུག

ཡང་ཇེའུ་མི་རིགས་ལ་སྐྱོན་བརྗོད་བྱེད་པའི་མ་ཚད། ད་ལྟ་འཇར་མན་ན་ཛི་འགོ་ཁྲིད་ཧཱི་ཐི་ལར་ལ་བསྟོད་བསྔགས་ཀྱི་འབོད་སྒྲ་ཇེ་ཆེར་སོང་ནས། ཁོས་ཇེའུ་མི་རིགས་ཚང་མ་རྩ་མེད་བཟོ་ཐུབ་མེད་པ་དེར་འཕང་སེམས་སྟོན་བཞིན་འདུག དྲ་ལམ་གྱི་མི་ཞིག་གིས། ཁ་སྤུ་ཅན་གྱི་མི་ཆུང་ལན་པ་རེད། དང་ཐོག་ཚང་མ་སྲེག་ཚར་ན་དོན་དག་འདི་འདྲ་མང་པོ་ཡོད་མ་རེད་ཅེས་བྲིས་འདུག ( ཁ་སྤུ་ཅན་གྱི་མི་ཆུང་ནི་དྲ་མང་གིས་ཧཱི་ཐི་ལར་ལ་བཏགས་པའི་མིང་གཞན་ཞིག་ཡིན།) ཡང་དྲ་མི་གཞན་ཞིག་གིས་ལོ་རྒྱུས་ཀྱིས་ཁ་སྤུ་ཅན་གྱི་མི་ཆུང་ལ་བབ་མེད་པའི་ནག་ཉེས་བཙུགས་ཡོད་པ་གཙང་མ་བཀྲུ་ངེས་ལ། གཅིག་བྱེད་ན་དཀར་པོ་ཆགས་སྲིད། ཅེས་བྲིས་

༣ རྒྱ་ནག་ཏུ་ཇེའུ་མི་རིགས་ལ་གོ་ནོར་ཐེབས་དོན།

ཨ་རིའི་རླུང་འཕྲིན་ཁང་གིས་རྒྱ་ནག་དང་ཨི་སི་རལ་གྱི་བསམ་བློ་བརྗེ་རེས་ཚོགས་པ་གསར་འཛུགས་པ་ཝེ་ཁཱ་ལི་ལ་ད་ལྟ་རྒྱ་ནག་གི་དྲ་ལམ་དུ་ཇེའུ་མི་རིགས་ལ་ངོ་རྒོལ་བྱེད་བཞིན་པ་བཅར་འདྲི་ཞུས་སྐབས་ཁོང་གིས། འདི་ནི་གནས་ཚུལ་སྤུས་ལེགས་རག་པའི་ལམ་ཀ་འགོག་ཡོད་པ་ལས་བྱུང་བ་རེད། རྒྱ་ནག་གཞུང་གིས་ཇེའུ་མི་རིགས་ལ་ངོ་རྒོལ་བྱེད་སོང་དང་ཡང་ན་ཨི་སི་རལ་དང་ཇེའུ་མི་རིགས་ལ་འཁོན་སེམས་འདུག་ཅེས་བཤད་ཀི་མེད། འདི་ནི་ཀླད་པ་བཀྲུ་སྟངས་རིགས་ཤིག་ཏེ། ཁྱེད་ཀྱིས་དོན་དག་གང་ཞིག་ཇི་ལྟར་བྱུང་བ་མ་ཤེས་པའི་སྐབས་སུ་གནས་ཚུལ་བཤད་སྟངས་གཅིག་རང་དེ་བདེན་པར་རྩིས་པ་ལས་བྱུང་བ་རེད། འདི་བསམ་ཤེས་བྱེད་ཐུབ་པ་ཞིག་རེད་ཅེས་ལན་བརྗོད་བྱུང་། ཡང་ཁོང་གིས་བརྗོད་ན། འདས་པའི་ལོ་ཤས་རིང་ལ་རྒྱ་ནག་གིས་ཨི་སི་རལ་ལ་མ་རྩ་འཛུགས་པ་དང་ཚན་རིག་གི་གོ་རྟོགས་བརྗེ་རེས་ལ་སོགས་པའི་འབྲེལ་ལམ་བཙུགས་ཡོད་ཀྱང་། ཆབ་སྲིད་ཀྱི་ཐད་ནས་སྤྱི་ལོ་༡༩༥༥་ལོར་ཐོག་དང་བོ་ཡ་གླིང་དང་ཨ་ཧྥེ་རི་ཀའི་གླིང་ཆེན་བར་གྱི་ལྷན་ཚོགས་ཡོངས་གྲགས་སུ་པྰན་ཏུང་ཚོགས་ཆེན་ཚོགས་པའི་རྗེས་ནས་བཟུང་འཛམ་གླིང་ཚོགས་ཆེན་གང་ཞིག་ཏུ་རྒྱ་ནག་གིས་ཨི་སི་རེལ་ལ་ངོས་ལེན་བྱེད་མ་མྱོང་བར་ངོ་རྒོལ་བྱེད་བཞིན་པ་མ་ཟད། རྒྱ་ནག་གིས་ཨ་རབ་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཐོབ་ཆེད་ཨི་སི་རལ་བཙོང་གི་ཡོད་པ་དེ་ནི་རྒྱ་ནག་གིས་དཀྱིལ་ཤར་ཡུལ་གྲུ་ལ་བཟུང་བའི་ཆབ་སྲིད་ཀྱི་འཐབ་ཇུས་ཡིན་པ་ངོ་སྤྲོད་གནང་སོང་།

རྒྱ་ནག་ནི་པ་ལི་སི་ཐན་གྱི་མི་རིགས་ཡར་ལངས་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་དང་པ་ལི་སི་ཐན་བཅིངས་བགྲོལ་ཚོགས་པ་དང་། པ་ལིས་སི་ཐན་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་མཁན་ཐོག་མའི་གྲས་ཡིན་པ་རེད།

རྒྱ་ནག་གི་དྲ་ལམ་ཁག་ཏུ་ཇེའུ་མི་རིགས་ཀྱི་ལྐོག་ཇུས་ལྟ་གྲུབ་ཅེས་པ་ཞིག་ཁྱབ་སྤེལ་གྱིས་དེའི་ནང་དུ་ལོ་ངོ་༣༠༠་ཡི་ལོ་རྒྱུས་ལྡན་པའི( Freemasonry)ཞེས་པའི་ཚོང་ལས་སྐྱིད་སྡུག་ཚོགས་པ་འདི་ལྟ་བུ་རྒྱུད་དེ་ཇེའུ་མི་རིགས་ཀྱིས་ཨ་མེ་རི་ཀའི་ཆབ་སྲིད་དང་ཚོང་ལས། ཐ་ན་འཛམ་གླིང་ཁྱོན་ཡོངས་སུ་ཁ་ལོ་བསྒྱུར་བཞིན་ཡོད་པ་བསྟན་ཡོད། རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་གིས་ཀྱང་དེ་སྔོན་ཇེའུ་མི་རིགས་ཀྱིས་ཨ་མེ་རི་ཀ་སྟངས་འཛིན་བྱེད་བཞིན་པའི་གནས་ཚུལ་སྤེལ་མྱོང་། རྒྱ་ནག་ཉིན་རེའི་ཚགས་པར་གྱི་བཀོད་འདོམས་འོག་ཡོད་པའི་རྒྱ་ནག་དཔལ་འབྱོར་དུས་དེབ་ཀྱིས་སྤྱི་ལོ་༢༠༡༢་ལོའི་གནས་ཚུལ་ཞིག་གི་ནང་དུ། ཨ་རིའི་གསར་ཁང་ཁག་གིས་ཨ་རིའི་སྒོ་སོ་སོར་ཤུགས་རྐྱེན་ཆེ་བའི་ཡིག་ཆ་གཞི་རྩར་བཞག་ན། ཨ་རིའི་ནང་ལ་མི་འབོར་བརྒྱ་ཆ་༣་ལས་ཟིན་མེད་པའི་ཇེའུ་མི་རིགས་ཀྱིས་ཨ་རིའི་དཔལ་འབྱོར་གྱི་བརྒྱ་ཆ་༧༠་བདག་འཛིན་བྱེད་ཡོད་པ་དང་། ཨ་རིའི་དཔལ་འབྱོར་དང་མ་རྩ། ཆབ་སྲིད། ཕྱི་འབྲེལ་བཅས་ལ་ཤུགས་རྐྱེན་ཆེ་ཤོས་ནི་ཨ་རིའི་ནང་གི་མི་རིགས་གྲངས་ཉུང་བའི་ཚོང་བ་ཁག་ཡིན་པ་རེད་ཅེས་བྲིས་ཡོད་འདུག གཞན་ཡང་སྤྱི་ལོ་༢༠༠༩་ལོར་རྒྱ་ནག་ན་གཞོན་གསར་ཤོག་གིས་རྩོམ་ཡིག་ཅིག་སྤེལ་བའི་ནང་དུ་ཡང་གོང་མཚུངས་ཀྱི་གནས་ཚུལ་ལྟར་སྤེལ་ཡང་གནས་ཚུལ་ཡོང་ཁུངས་གསལ་བཤད་བྱས་མེད།


ཨ་རིའི་རང་དབང་ཁང་བའམ་(Freedom House)ཡི་རྒྱ་ནག་དང་ཧོང་ཀོང་། ཐེ་ཝན་ཞིབ་མཇུག་ཁང་གི་འགན་འཛིན་ཝང་ཡཱ་ཆུ་ཡིས་གློག་འཕྲིན་རྒྱུད་དེ་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་བྱེད་ན། རྒྱ་ནག་གི་དྲ་ལམ་དུ་ཇེའུ་མི་རིགས་ལ་ངོ་རྒོལ་བྱེད་བཞིན་པ་ཚང་མ་རྒྱ་ནག་གཞུང་ལ་ལན་ཁག་འཇོག་མི་རུང་ཡང་། གཞུང་གིས་བསྒྲགས་པའི་འཁྱོག་བརྗོད་དང་བག་ཆགས་ལ་དོགས་སློང་བྱེད་མི་ཆོག་པའི་ཁོར་ཡུག་ལ་འབྲེལ་བ་ཆེན་པོ་ཡོད་པ། དཔེར་ན་རྒྱ་ནག་ཏུ་ལྟ་བ་སྣ་མང་སྤེལ་བར་ཞིབ་བཤེར་དང་ཚོད་འཛིན་བྱེད་བཞིན་ཡོད་པས། ཇེའུ་མི་རིགས་ལ་ངོ་རྒོལ་བྱེད་མཁན་ཚོའི་ལྡོག་ཕྱོགས་ཀྱི་བསམ་ཚུལ་ཞིག་བྲིས་པ་དང་བཤད་པ་ཡིན་ན་དེ་ཕྱི་ལ་ཐོན་པའི་ལམ་ཀ་མེད་པ་དང་། ཁོར་ཡུག་མེད་པས་ཁག་པོ་ཡིན་པ་རེད།

༤ རྒྱབ་ལྗོངས།

སྤྱི་ལོ་༡༩༦༤་ལོར་པ་ལི་སི་ཐན་བཅིངས་བགྲོལ་ཚོགས་པ་ཞེས་དང་སྤྱི་ལོ་༡༩༨༨་ལོར་པ་ལིས་སི་ཐན་མངའ་ཁོངས་ཞེས་པ་ལི་སི་ཐན་པར་ངོས་འཛིན་བྱེད་ཕྱོགས་ལ་འགྱུར་བ་རིམ་པ་ཐེབས་ནས། སྤྱི་ལོ་༡༩༨༩་ལོར་པ་ལི་སི་ཐན་གྱི་གཞུང་འཛིན་ཞེས་ངོས་འཛིན་བྱས་པ་ནས་པ་ལི་སི་ཐན་གྱིས་རྒྱལ་ཁབ་གཞན་དང་ཕྱི་སྲིད་འབྲེལ་ལམ་སྐྱོང་མགོ་བཙུགས་ཡོད། སྤྱི་ལོ་༢༠༢༢་ལོར་རྒྱ་ནག་གི་འགོ་ཁྲིད་ཞི་ཅེན་པེན་ཨ་རབ་ཡུལ་གྲུ་ཁག་ཏུ་རྒྱལ་དོན་སྐོར་བསྐྱོད་སྐབས། ཇི་རུ་ས་ལིམ་ཨི་སི་རལ་གྱི་རྒྱལ་སར་བསྒྲགས་པ་སོགས་ལོ་རྒྱུས་ཐོག་ནས་པ་ལི་སི་ཐན་པ་ཚོར་དྲང་བོའི་ཐག་གཅོད་བྱུང་མེད་པ་དེར་རྒྱ་ནག་གིས་གདུང་སེམས་མཉམ་སྐྱེད་གནང་བ་དང་། པ་ལི་སི་ཐན་གྱིས་རང་བཙན་གྱི་རྒྱལ་ཁབ་ཅིག་འཛུགས་རྒྱུར་རྒྱ་ནག་གིས་རྒྱབ་སྐྱོར་ཡོད་པའི་སྐོར་ལ། པ་ལི་སི་ཐན་པ་ཚོས་ལོ་རྒྱུས་སུ་དྲང་བོ་བྱུང་མེད་པའི་དཀའ་སྡུག་མུ་མཐུད་དུ་མྱོང་དགོས་པ་མེད་ཅེས་བརྗོད་མྱོང་འདུག

ཡང་ཧ་མ་སི་ནི་སྤྱི་ལོ་གཅིག་དགུ་བརྒྱད་བཅུ་གྱ་གྲངས་ལ་བཙུགས་པའི་ཨི་སི་རལ་ལ་གྱེན་ལོག་བྱེད་མཁན་དྲག་པོའི་དམག་གི་ཤོག་ཁག་ཅིག་ཡིན་ལ། ཧ་མ་སི་ཞེས་པ་ནི་བཙན་རྒོལ་ཁ་ཆེའི་ལས་འགུལ་ཚོགས་པ་ཞེས་པའི་དོན་ཡིན་པ་རེད། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༤༥་ཙམ་ལས་མེད་ཀྱང་། མི་གྲངས་ས་ཡ་གཉིས་ལྷག་འཚོ་གནས་བྱེད་ཡོད་སའི་གྷ་ཛ་ལུང་གཞུང་དུ་༢༠༠༦་ལོར་འོས་བསྡུ་བྱེད་སྐབས་ཧ་མ་སི་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པས་ཧ་མ་སི་ཡིས་འཛིན་སྐྱོང་བྱེད་བཞིན་པ་རེད།

ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་མཱོ་ཧྭ་མད་ཌི་ཧྥུ་ཡིས་བརྗོད་དོན་བྱེད་ན། ཁོ་ཚོས་ཨི་སི་རལ་ལ་གཏོར་རྒོལ་བྱེད་དོན་ནི་ཧ་མ་སི་ཤོག་ཁག་གི་དབང་འཛིན་བྱེད་ཡོད་སའི་གྷ་ཛ་ལུང་གཞུང་ལ་འདས་པའི་ལོ་གཅིག་ལ་ཨི་སི་རེལ་གྱིས་ཡང་ཡང་གཏོར་རྒོལ་བྱས་པ་དང་། ཨི་སི་རལ་དང་པ་ལིས་སི་ཐན་བར་དུ་ཨལ་ ཨ་ཁཱ་སྰ་ཁ་ཆེ་ལྷ་ཁང་དང་འབྲེལ་བའི་རྩོད་གཞི་ཡོད་པ། ཨི་སི་རལ་གྱི་ཇེའུ་མི་རིགས་ཀྱིས་ས་ཁོངས་རྒྱ་སྐྱེད་གཏོང་བཞིན་པའི་གནད་འགག་བཅས་ལ་ཐུག་ཡོད་པ་རེད། འདས་པའི་ལོ་མང་རིང་ཨི་རན་དང་ཏུར་ཀི། ཁ་ཊར་གཙོས་ཁ་ཆེའི་རྒྱལ་ཁབ་ཁག་གིས་ཧ་མ་སི་ཤོག་ཁག་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ། དམག་སྦྱོང་སོགས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཡོངས་གྲགས་ཡིན་ཡང་། ཐེངངས་འདིའི་གཏོར་རྒོལ་གྱི་རྒྱབ་ཏུ་ཨེ་རན་གཙོས་པའི་ཁ་ཆེ་རྒྱལ་ཁབ་གཞན་ཡོད་པའི་བདེན་དཔང་རག་མེད་པ་རེད།

XS
SM
MD
LG