༄༅།། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་རྩ་འགོག་བྱ་དགོས་ཞེས་སྲིད་ཇུས་ཤིག་ཨུ་ཚུགས་ཀྱིས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པར་མི་དམངས་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་སྟེ་ཁོང་ཁྲོས་བརྟས། ཕྱི་ཟླ་༡༠་པའི་ཚེས་༡༣་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་མོ་ན་གཞོན་མ་ཞིག་གིས་རང་གི་ཁང་ཆེན་དེར་སྒོ་རྒྱ་བསྡམས་པར་བལྟས་ཏེ་ཁྱམས་ར་ནས་ངུ་སྐད་བརྒྱབ། ཁོ་མོས་མིག་ཆུ་འགོག་ཞོར་དུ་སྒོ་འགྲམ་དེར་ལྭ་བ་དཀར་པོ་གྱོན་ཡོད་པའི་འཕྲོད་བསྟེན་ལས་སྣེ་ཚོས་དུག་སེལ་བྱེད་བཞིན་པར་ཁ་རྡུང་གཏོང་གི་ཡོད་པའི་བརྙན་ཐུང་ཞིག་རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཡོངས་སུ་ཁྱབ། ན་གཞོན་མ་དེ་སློབ་ཆེན་ནས་རང་ཁྱིམ་དུ་གུང་སེང་ལ་བསླེབས་ནས་བཟུང་། ཁོ་མོ་ཟླ་བ་༦་ལ་ཟུར་འགོག་བྱས་ནས་ཕྱི་ལ་འགྲོ་རུ་འཇུག་གི་མེད་པ་དང་འཕྲོད་བསྟེན་ལས་མི་དེ་ཚོར་གཤེ་གཤེ་བཏང་ཡང་ཚུར་ལ་མིག་ལོག་བལྟས་པ་ཙམ་ལས་ཕྱིར་ལན་གང་ཡང་མ་བསློགས། དེ་བཞིན་གཟའ་ཕུར་བུའི་ཉིན་པེ་ཅིང་གི་སི་ཐུང་ཟམ་པའི་ཐོག་ཏུ་མི་ཞིག་གིས་ཏོག་དབྱིབས་ནད་དུག་བརྟག་དཔྱད་བྱེད་མི་དགོས། བཟའ་བཏུང་དགོས། སྒོ་རྒྱ་བསྡམས་མི་དགོས། རང་དབང་དགོས། སྐྱག་རྫུན་བཤད་མི་དགོས། ཆེ་མཐོང་དགོས། རིག་གནས་གསར་བརྗེ་མི་དགོས། ལེགས་བཅོས་དགོས། རླབས་ཆེན་གྱི་འགོ་ཁྲིེད་མི་དགོས། འོས་འདེམས་བྱ་དགོས། བྲན་གཡོག་བྱེད་མི་ཉན། སྤྱི་དམངས་ཤིག་བྱ་དགོས་ཞེས་འཕྲེད་དར་ཞིག་གི་ཐོག་ཏུ་འབོད་ཚིག་བྲིས། འཕྲེད་དར་གཞན་ཞིག་གི་ཐོག་ཏུ་ལས་བཤོལ་ངོ་རྒོལ་བྱོས། སྲིད་དབང་གཅིག་སྡུད་པ་མགོ་རྟིང་སློགས། ཞིས་ཅིན་ཕིང་ནི་རྒྱལ་ཁབ་ཀྱི་རྒྱལ་ཚོང་བ་རེད་ཅེས་བཀོད་དེ་ཞིས་ཅིན་ཕིང་གི་དབང་བསྒྱུར་ལ་ཐད་ཀར་ངོ་རྒོལ་བྱས་ཤིང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་མ་ཚོགས་གོང་དེར་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་རྣམས་རྒྱ་ནག་གཞུང་གིས་འཕྲལ་དུ་དྲྭ་ལམ་ཁག་ནས་ནག་སུབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གི་ཝི་པོ་དྲྭ་ཚིགས་ལ་གཞུང་གི་ཞིབ་བཤེར་བྱས་ནས་ངོ་རྒོལ་བྱ་ཡུལ་སི་ཐུང་ཟམ་པ་དང་པེ་ཅིང་། ཧེ་ཏེན། དཔའ་བརྟུལ། སྐྱེས་པ་བློ་ཁོག་ཅན། ཐ་ན་སྙིང་སྟོབས་ལ་སོགས་ཀྱི་བརྡ་ཆད་རྣམས་ཀྱང་འཚོལ་ཞིབ་བྱས་ན་རྙེད་རྒྱུ་མེད་པར་གྱུར། པེ་ཅིང་གི་སི་ཐུང་ཟམ་པའི་སྟེང་གི་ངོ་རྒོལ་རྗེས་སུ་རྒྱ་ནག་གི་ཝི་པོ་དྲྭ་ཚིགས་དང་སྐད་འཕྲིན། རྒྱ་ནག་མི་དམངས་ཀྱི་ཉིན་རེའི་འཚོ་བར་འབྲེལ་བ་ཡོད་པའི་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་ཇི་སྙེད་ཅིག་གི་དྲྭ་བྱང་རྣམས་བཀག ཡིན་ནའང་རྒྱ་ནག་མི་དམངས་ཀྱིས་མི་དེའི་ངོ་རྒོལ་ལ་རྒྱབ་སྐྱོར་དང་གཞུང་གི་ནད་འགོག་སྲིད་ཇུས་ལ་ཁོང་ཁྲོ། རྒྱ་ནག་གི་དྲྭ་ལམ་ཁག་ཏུ་དཔའ་བརྟུལ་ཁེར་རྐྱང་དང་དཔའ་བོ་ཞེས་མཆན་བྲིས་ནས་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན། མི་ལ་ལས་ངས་དེ་མཐོང་བྱུང་། ནམ་ཡང་བརྗེད་མི་ཉན་ཞེས་མཆན་བྲིས་ནས་པེ་ཅིང་གི་སི་ཐུང་ཟམ་པའི་ཐོག་གི་ངོ་རྒོལ་དེར་རྒྱབ་སྐྱོར་ཐོབ། སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཟླ་བ་སྔོན་མ་གཅིག་པུར་རྒྱ་ནག་གི་གྲོང་ཁྱེར་དུ་སྒོ་རྒྱ་ཡོངས་སུ་བསྡམས་པའམ། ཡང་ན་སྒོ་རྒྱ་ཕྱེད་ཀ་བསྡམས། དེ་མིན་ན་མི་དམངས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་ལན་མང་བྱས་ནས་མི་གྲངས་དུང་ཕྱུར་༣་ལྷག་གི་འཚོ་བར་དཀའ་ངལ་ཕྲད་ཡོད་པ་རྩད་གཅོད་ཐུབ། རྒྱ་ནག་གི་ས་གནས་གཅིག་ལ་ཏོག་དབྱིབས་ནད་དུག་འཇོམས་ན་ས་གནས་གཞན་ཞིག་ཏུ་བསྐྱར་དུ་ཁྱབ། གཟའ་འཁོར་འདིར་རྒྱ་ནག་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུ་ཁྱབ་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་སླར་ཡང་འགྲོ་འོང་བཀག་སྡོམ་བྱས་ནས་དམ་དྲག་རྫོགས་མཐའ་མེད་པ་ཞིག་བྱེད་ཀྱི་ཡོད་པར་ཁྱམས་ར་ནས་ངུ་སྐད་བརྒྱབ་པའི་རྒྱ་མོ་ན་གཞོན་མ་དེ་དང་འདྲ་མཚུངས་ཀྱི་སྐྱེ་བོ་མང་དུ་འབྱུང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གིས་མི་༡༤༧༦་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་གནས་ཚུལ་སྤེལ། ནད་པ་གཅིག་ཐོན་ཡང་གྲོང་ཁྱེར་ཧྲིལ་པོར་འགྲོ་འོང་འགོག་གི་ཡོད་པའི་རྒྱ་ནག་ལ་མཚོན་ན་ནད་པ་༡༤༧༦་ཐོན་པ་ནི་ཧ་ཅང་མང་པོ་ཡིན་ཞིང་། བདུན་ཕྲག་སྔོན་མར་རྒྱ་ནག་གི་ཧེ་ལུང་ཅང་ཞིང་ཆེན་གྱི་ཧེ་ཀང་གྲོང་ཁྱེར་དུ་མི་གཅིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་གྲོང་མི་འབུམ་༩་རང་ཁྱིམ་དུ་བཀག་སྡེ་སྒོ་རྒྱ་བསྡམས། ད་ལོའི་ཕྱི་ཟླ་༤་པ་དང་༥་གཉིས་ལ་མི་གྲངས་ས་ཡ་༢༥་ཡོད་པའི་ཧྲང་ཧེ་གྲོང་ཁྱེར་ལ་སྒོ་རྒྱ་བསྡམས་ཀྱང་ད་ལྟ་སླར་ཡང་ཧྲང་ཧེ་གྲོང་ཁྱེར་དུ་འགྲོ་འོང་འགོག་རྒྱུའི་རྣམ་པ་ཐོན། དཔེར་ན་ཁ་སང་གཟའ་ཕུར་བུའི་ཉིན་ཧྲང་ཧེ་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༧་ཐོན་དང་སྔ་ཉིན་དེར་ཧྲང་ཧེ་གྲོང་ཁྱེར་གཞུང་གིས་རྫོང་ཁག་༡༣་ཡོད་པ་དེའི་ཁོངས་ནས་རྫོང་ཁག་༦་གི་དྲྭ་ཁང་དང་གློག་བརྙན་ཁང་། ཆང་ཁང་དང་འཁྲབ་སྟོན་ཁང་། འགྲེམ་སྟོན་ཁང་སོགས་མི་ཚོགས་འདུ་ས་རྣམས་སྒོ་རྒྱག་དགོས་པའི་བཀའ་ཕབ། རྒྱ་ནག་ལ་ཅིའི་ཕྱིར་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་རྒྱུ་རྐྱེན་དེ་གསལ་པོ་ཞིག་མི་ཤེས་ཀྱང་ས་གནས་ཁག་གི་འགོ་ཁྲིད་ཚོས་BF.7་པ་སྟེ། ངོ་བོ་མང་འགྱུར་དང་བགོ་ཁྱབ་སླ་བའི་ཏོག་དབྱིབས་ནད་དུག་ཨོ་མཱི་ཀོ་རོན་ཞེས་འབོད་པ་དེ་སྔོན་འགོག་དང་བཀག་སྡོམ་བྱས་མ་ཐུབ་པར་དཀའ་ངལ་འཕྲད། ཐོག་མར་ཕྱི་ཟླ་༩་པར་ནང་སོག་གི་རྒྱལ་ས་ཧུ་ཧོ་ཧོ་ཐེའམ། མཁར་སྔོན་པོར་BF.7་ངོ་བོ་མང་འགྱུར་དང་བགོ་ཁྱབ་སླ་བའི་ཏོག་དབྱིབས་ནད་དུག་ཨོ་མཱི་ཀོ་རོན་ཞེས་འབོད་པ་དེ་ཁྱབ་ཡོད་པ་ཤེས་རྟོགས་བྱུང་། རྒྱ་ནག་གཞུང་གིས་མི་དམངས་ལ་འགྲིམ་འགྲུལ་མ་བྱས་ན་ལེགས་ཞེས་བཤོལ་འདེབས་བྱས་ཀྱང་ཕྱི་ཟླ་༡༠་པའི་ཚེས་༡་ནས་བདུན་ཕྲག་གཅིག་གི་རྒྱལ་སྟོན་དུས་ཆེན་གྱི་གུང་སེང་སྐབས་སུ་མི་དམངས་རྣམས་རྒྱལ་ནང་དུ་འགྲིམ་འགྲུལ་བྱས་ནས་ཏོག་དབྱིབས་ནད་དུག་བགོ་ཁྱབ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༠་པའི་ཚེས་༡༣་ཉིན་ནང་སོག་གི་མཁར་སྔོན་པོར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༣༢༩་ཐོན། ནང་སོག་གི་ཤེས་རིག་ལྷན་ཁང་གི་འགན་འཛིན་གཞོན་པ་ཀྲང་ཞའོ་དབྱིང་གིས་སློབ་ཆེན་ཁག་གི་སློབ་ཕྲུག་༢༤༠༠༠༠་ལྷག་སློབ་གྲྭ་ཁག་ནས་ཕྱི་ལ་འབུད་དུ་མ་བཅུག་པར་ནང་དུ་བཅུག་ཡོད་ཅེས་བསྒྲགས། སློབ་ཆེན་ཞིག་གི་སློབ་ཕྲུག་༣༩་ལ་ཏོག་དབྱིབས་ནད་དུག་འགོས་པའི་རྗེས་སུ་སློབ་ཆེན་དེའི་དམར་ཤོག་ཚོགས་པའི་དྲུང་ཆེ་གནས་དབྱུང་བཏང་ཞིང་། ཞིན་ཅང་གི་མི་ས་ཡ་༢༢་རྒྱ་ནག་གི་ས་གནས་གཞན་ལ་འགྲོ་སྐྱོད་བྱེད་མི་ཆོག་པར་རང་ཁྱིམ་དུ་འཛུལ་དགོས་པའི་བཀའ་རྒྱ་བསྒྲགས། རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གི་གཟའ་ཕུར་བུ་གཅིག་པུར་ཞིན་ཅང་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤༠༣་ཐོན་འདུག་ཅེས་གནས་ཚུལ་སྤེལ། རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་ལ་ཉི་མ་གསུམ་བསྟུད་མར་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་ལ་འགྱུར་བ་གཏོང་རྩིས་མེད་པའི་ཆེད་བརྗོད་སྤེལ། གཟའ་ལྷག་པའི་ཉིན་ཆེད་བརྗོད་གསུམ་པ་དེར་ལྷུག་ཡངས་གཏོང་རྒྱུ་ཡོང་ཐབས་མེད། ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་བྱས་ནས་རྒྱལ་ཁ་ལེན་ཐུབ། རྒྱལ་ཁབ་གཞན་ཚོས་བཀག་སྡོམ་ལྷུག་ཡངས་བཏང་སྟེ་སྒོ་འབྱེད་ཀྱི་ཡོད་པ་ནི་བྱ་ཐབས་ཟད་པའི་རྟགས་མཚན་རེད། ཁོ་ཚོས་དུས་ཐོག་ཏུ་ཏོག་དབྱིབས་ནད་དུག་སྔོན་འགོག་བྱས་མ་ཐུབ་པ་རེད་ཅེས་རྒྱ་ནག་གི་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་མཁྲེགས་པོ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པར་འགྱུར་བ་གཏོང་འཆར་མེད་པའི་བརྡ་བཏང་འདུག སྔོན་ཆད་རྒྱ་ནག་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་བ་ཡོད་པའི་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ནད་འགོག་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་སྒོ་མོ་ཕྱེ། རྒྱལ་ཁབ་དེ་དག་གི་དཔལ་འབྱོར་དང་ཚོང་ལས་ཡར་རྒྱས་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་གིས་ཏོག་ནད་རྩ་འགོག་གི་སྲིད་ཇུས་རྒྱུན་འཁྱོགས་བྱེད་ཀྱི་ཡོད་པ་དེས་དཔལ་འབྱོར་འཕེལ་རྒྱས་ལ་གནོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་༡༠་པའི་ཚེས་༡༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་ནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་རྩ་འགོག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་དང་ན་གཞོན་ལས་མེད་པ་ཇེ་མང་། རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ཁང་གིས་ལོ་འདིར་རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༢་དང་ཕྱེད་ཀ་ལས་འཕེལ་རྒྱས་འགྲོ་མི་ཐུབ་པ་དང་སློབ་ཆེན་ཐོན་པའི་ན་གཞོན་ལས་མེད་པ་མི་གྲངས་ས་ཡ་༢༢་འདུག་ཅེས་སྙན་ཐོ་བཏོན། པེ་ཅིང་བ་ཚཱེ་ཤུའི་ཟེར་བ་ཞིག་གིས་ཁོ་པར་པེ་ཅིང་དང་ཁྲེང་ཏུའུ་གྲོང་ཁྱེར་གཉིས་སུ་ཆང་ཁང་༥་ཡོད། ནད་ཡམས་ཁྱབ་པའི་ལོ་གསུམ་གྱི་རིང་ཆང་ཁང་ལྔའི་ནང་གི་ཆང་ཁང་༤་སྒོ་བརྒྱབ་ཟིན། ཐོག་མར་ནད་དུག་ཁྱབ་ནས་ཚོང་ལས་བར་ཆད་བྱུང་སོང་། ད་ལྟ་ཆང་ཁང་ནང་དུ་མི་འཛུལ་ཡོང་མཁན་ཧ་ཅང་དཀོན་པོ་རེད། ངས་༢༠༡༦་ལོར་བཟོ་བཀོད་ཀྱི་ཆེད་ལས་བསྐྱུར་ནས་ཆང་ཁང་གཉེར་འཛིན་གྱི་ཚོང་ལས་མགོ་བརྩམས་པ་ཡིན། སྔོན་ལ་ནད་ཡམས་འདི་ཅི་ཞིག་འགྱུར་རྒྱུ་ཡིན་ནམ་ཞེས་བློ་འཚབ་སྐྱེས་བྱུང་། དེ་ནས་ཚོང་ལས་ཉམས་ཏེ་ཆང་ཁང་རྣམས་གཅིག་གི་རྗེས་སུ་གཅིག་སྒོ་རྒྱག་དགོས་བྱུང་སོང་ཞེས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་གླེང་མོལ་བྱས་འདུག ད་ལོའི་ཕྱི་ཟླ་༧་པ་ནས་ཀྲེང་མི་ལི་ཞེས་པའི་ལོ་ན་༣༠་ཐམ་པར་སོན་པ་ཞིག་གིས་ལས་ཀའི་སྙན་ཞུ་བརྒྱ་ཕྲག་འགའ་ཞིག་ཕུལ། བཅར་འདྲི་ཐེངས་བཅུ་གྲངས་ཤིག་བྱས་ཀྱང་པེ་ཅིང་དུ་ལས་ཀ་ཞིག་མ་ཐོབ། གལ་ཏེ་ལས་ཀ་ཞིག་ཐོབ་པའི་དབང་དུ་བཏང་རུང་སྔོན་མའི་གླ་ཕོགས་ཀྱི་ཕྱེད་ཀ་ལས་མི་སྤྲོད། བཟོ་ཚོང་ལས་ཁང་གཅིག་གིས་བཅར་འདྲིར་སྐད་བཏང་བ་དང་བཟོ་ཚོང་ལས་ཁང་དེར་ཉི་མ་གཅིག་ལ་མི་༡༠༠༠་ལྷག་གི་ལས་ཀའི་སྙན་ཞུ་འབྱོར་ལུགས་བཤད་བྱུང་ཞེས་བཀྲལ། ཀྲེང་མི་ལིས་དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་སུ་ལས་ཀ་འཚོལ་རྒྱུ་ནི་དཀའ་ངལ་ཆེ་དྲགས་ཏེ་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ཅེས་གསར་འགོད་པར་སྡུག་སྐད་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག