ཉེ་དུས་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་དེ་གཙོ་ཆེ་བ་ཕྱི་མི་གཞིས་ཆགས་པ་དང་། ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་ཀྱི་ཐོག་བྱས་ཡོད་པ་དང་། ཌོ་ནལ་ཊམ་གྱིས་སྲིད་འཛིན་གནང་སྟེ་ད་ཆ་ཟླ་བ་གཅིག་ཕྱིན་ཡོད་པའི་རྗེས་ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་ཐོག་ཨ་རིའི་མི་མང་ཚོར་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་འདུག ཨ་མི་རི་ཀའི་ནང་ཉེ་དུས་ཕྱི་ཟླ་དང་པོའི་ནང་དངུལ་གྱི་ཛ་ཐང་ལ་ཆགས་བྱ་བྱུང་སྟེ། ཟས་སོང་གི་རིན་གོང་ལ་འཕར་ཆ་བརྒྱ་ཆ་གསུམ་བྱུང་ཡོད་རུང་། ཨ་མི་རི་ཀའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཧྥོར་ནི་ཡ་(California)ཡི་གྲོང་ཁྱེར་སི་མི་ཝལ་ལིའི་ནང་ཡོད་པའི་ཊམ་གྱི་རྒྱབ་སྐྱོར་བ་ཁག་ཅིག་གིས་ཊམ་སྲིད་གཞུང་གིས་རིང་པོར་མ་ཐོགས་པར་དངོས་ཟོག་གི་རིན་གོང་འཕར་གྱི་ཡོད་པ་དེ་ཚོའི་ཐོག་སྟངས་འཛིན་གནང་ཐུབ་ཀྱི་རེད་ཅེས་ཤོད་ཀྱི་ཡོད་འདུག འདིའི་སྐོར་ལ་ཊམ་གྱི་རྒྱབ་སྐྱོར་བ་ཇཱེ་ཧྥི་ཡིས་ཚོང་ཟོག་ཁག་ཅིག་གི་རིན་གོང་མཐོ་རུ་འགྲོ་བའི་རྒྱུ་མཚན་ཡོད་པ་དང་། དངོས་ཟོག་ཁག་ཅིག་གི་རིན་གོང་ནམ་ཡང་མར་ཟགས་རྒྱུ་མིན་པའི་རྒྱུ་མཚན་ཡོད་རེད། ཡིན་ན་ཡང་ཊམ་སྲིད་གཞུང་གིས་དངོས་ཟོག་ཁག་ཅིག་གི་རིན་གོང་ཐོག་སྟངས་འཛིན་གནང་བའི་རྗེས་དངོས་ཟོག་དེ་ཚོའི་རིན་གོང་མཐོ་རུ་འགྲོ་གི་མ་རེད་ཅེས་བཤད་འདུག རེ་བྷེ་ཀ་ཇུ་སི་ནོ་(Rebecca Jusino)ཡང་ཊམ་གྱི་རྒྱབ་སྐྱོར་བ་ཞིག་ཡིན་པ་དང་། ཁོ་མོས་ཀྱང་དངོས་ཟོག་གི་རིན་ཐང་འཕར་གྱི་ཡོད་པའི་སྐོར་ལ་ས་སོའི་བསམ་ཚུལ་འདི་འདྲ་ཞིག་བཤད་འདུག ང་ཁ་སང་ཨ་མི་རི་ཀའི་ཚོང་རྭ་ཆེན་མོར་ཕྱིན་ཏེ་ངས་སྣུམ་འཁོར་གྱི་སྣུམ་ཉོ་དུས་རིན་གོང་འཕར་མ་ཨ་རིའི་པད་ཤག་༢༠ ལས་སྤྲད་དགོས་མ་བྱུང་། དེས་ང་ལ་ཁྱད་གང་ཡང་མི་འདུག གང་ཡིན་ཞེ་ན། ད་ལྟ་པད་ཤག ༢༠ ཐོད་པ་སྤྲད་པ་དེས་ཕྱིས་འབྱུང་ངའི་ཕྲུ་གུ་ཚོར་ཕན་ཐོགས་ཡོང་བ་དང་། ང་ཚོའི་དཔལ་འབྱོར་གྱི་གནས་སྟངས་ལ་ཡར་རྒྱས་ཡོང་གི་རེད་ཅེས་བཤད་འདུག
ཡང་ཊམ་གྱི་རྒྱབ་སྐྱོར་བ་མའེ་ཀེལ་གྱིས་ཨ་མི་རི་ཀས་ཕྱི་རྒྱལ་ནས་ནང་འདྲེན་བྱས་པའི་དངོས་ཟོག་གི་ཐོག་ཊམ་གྱིས་སྒོ་ཁྲལ་འཕར་མ་བཙན་འགེལ་གནང་བ་དེས་རྒྱལ་ནང་དུ་དངོས་ཟོག་གི་རིན་གོང་ལ་འཕར་ཆ་ཡོང་གི་ཡོད་ལུགས་གསུངས་ཀྱི་ཡོད་པ་དེ་དྲང་བདེན་མིན་ལུགས་བཤད་འདུག འདིའི་སྐོར་ལ་མའེ་ཀེལ་གྱིས་ངས་ཕྱི་རྒྱལ་གྱི་དངོས་ཟོག་གི་ཐོག་སྒོ་ཁྲལ་བཙན་འགེལ་བྱ་རྒྱུ་གལ་ཆེན་པོ་མཐོང་གི་འདུག རྒྱལ་ཁབ་གཞན་པས་ང་ཚོའི་རྒྱལ་ཁབ་ནས་དངོས་ཟོག་ཉོ་དུས་སྒོ་ཁྲལ་བརྒྱབ་ཀྱི་ཡོད་པ་ནང་བཞིན་ང་ཚོས་ཀྱང་རྒྱལ་ཁབ་གཞན་ནས་དངོས་ཟོག་ཉོ་དུས་སྒོ་ཁྲལ་རྒྱག་དགོས་རེད་ཅེས་བཤད་འདུག
ཡང་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁྲིས་ཀྱི་གྲོང་ཁྱེར་ཧྥོལ་སེ་ཅར་ཅེ་(Falls Church) གྱི་སྣུམ་འཁོར་གྱི་བཟོ་བཅོས་ཁང་གི་བདག་པོ་ཡུང་ལི་(EungLee)ཡིས་ཉེ་དུས་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་སྐབས་ཁོ་པས་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མིར་འོས་ཤོག་བླུགས་ཡོད་པ་དང་། ཁོང་གིས་དེང་སང་ཁོང་གི་ཚོང་ཁང་ལ་སྣུམ་འཁོར་བཟོ་བཅོས་བརྒྱབ་པར་ཡོང་མཁན་མི་ཉུང་དུ་ཕྱིན་ཡོད་པ་དོ་སྣང་བྱུང་ཡོད་འདུག སྲིད་འཛིན་ཊམ་གྱིས་ཕྱི་ལོགས་ནས་ནང་འདྲེན་བྱས་པའི་དངོས་ཟོག་གི་ཐོག་སྒོ་ཁྲལ་མཐོ་བོ་བཙན་འགེལ་གནང་བ་ཡིན་ན། ང་ཚོས་སྣུམ་འཁོར་གྱི་ཡོ་ཆས་དེ་ཚོའི་རིན་གོང་འཕར་མ་དེ་ཚོ་མི་མང་ཚོ་ནས་ལེན་དགོས་ཐུག་གི་རེད། དེ་མིན་ང་ཚོར་གྱོང་རག་གི་རེད་ཅེས་གསུངས་འདུག ངས་སྣུམ་འཁོར་གྱི་ལྷུ་ལག་དེ་ཚོ་ཀེ་ན་ཌ་(Canada)དང་། མེག་སི་ཀོ་(Mexico), རྒྱ་ནག་ནས་ཐད་ཀར་ཉོ་གི་མེད་པ་དང་། ང་ཚོས་བར་མི་ཚོ་ནས་ཉོ་གི་ཡོད་པ་དང་། བར་མི་དེ་ཚོས་ང་ཚོའི་རྩ་ནས་དངུལ་མང་པོ་ལེན་གྱི་ཡོད་པས། ང་ཚོས་ཤུགས་མ་ཐུབ་ཀྱི་སྣུམ་འཁོར་བཟོ་བཅོས་བརྒྱབ་རྒྱུའི་རིན་གོང་མཐོ་རུ་བཏང་དགོས་ཀྱི་རེད་ཅེས་བཤད་འདུག
འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་བཟའ་ཁང་གི་བདག་པོ་ཌོག་ལ་སེ་(Douglas)ཡིས་ཉེ་དུས་ཀྱི་འོས་བསྡུའི་ནང་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མིར་འོས་ཤོག་བླུགས་ཡོད་པ་དང་། ཁོང་གིས་ཀྱང་དངོས་ཟོག་གི་རིན་གོང་མཐོ་རུ་ཕྱིན་པ་དེས་རང་ཉིད་ཀྱི་ཟ་ཁང་གི་ཁ་ལག་གི་རིན་གོང་ལ་ཡང་སྤར་ཆ་བྱས་ཡོད་འདུག འདིའི་སྐོར་ལ་ཁོང་གིས་ང་ཚོས་སོ་སོའི་ཟ་ཁང་གི་དངོས་ཟོག་དེ་ཚོ་སྡེབས་ཚོང་རྒྱག་མཁན་ཚོ་ནས་ཉོ་གི་ཡོད་པ་དང་། ང་ཚོས་རིན་གོང་ལ་བལྟས་ཏེ་ཉོ་ཆ་བརྒྱབས་དགོས་ཀྱི་ཡོད་པས་རིན་གོང་མཐོ་བོ་ཞེ་དྲགས་ཡོད་ན་ཉོ་གི་མེད་ཅེས་གསུངས་འདུག
གསར་འགོད་པ་ཚོས་བཤད་གསལ་ལ། ཨ་མི་རི་ཀ་བ་མང་པོ་ཞིག་གིས་སྲིད་འཛིན་ཊམ་གྱིས་རྡོ་སྣུམ་གྱི་རིན་གོང་ལ་བཅག་བྱ་ཡོང་བའི་རེ་བ་བརྒྱབ་ཀྱི་ཡོད་འདུག གང་ཡིན་ཞེ་ན། རྡོ་སྣུམ་གྱི་རིན་གོང་མར་ཆག་པ་ཡིན་ན་དོལ་སྐྱེལ་རླངས་འཁོར་གྱིས་དངོས་ཟོག་དབོར་འདྲེན་བྱེད་པའི་རིན་འབབ་དམའ་རུ་ཕྱིན་ཏེ་དངོས་ཟོག་སྤྱིའི་རིན་གོང་དམའ་རུ་འགྲོ་བའི་རེ་བ་ཡོད་འདུག
གླེང་སྟེགས།