ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༡/༢༦

ཨུ་རུ་སུའི་དམག་མི་ཞིག་གིས་ཀླ་ཀློའི་དམག་འཁྲུག་ལ་ཞུགས་རྒྱུ་མིན་ཞེས་བྲིས།


A Russian soldier patrols at the Mariupol drama theater that was bombed last March 16, in Mariupol, as Russian troops intensify a campaign to take the strategic port city, April 12, 2022.
A Russian soldier patrols at the Mariupol drama theater that was bombed last March 16, in Mariupol, as Russian troops intensify a campaign to take the strategic port city, April 12, 2022.

པ་ཝེལ་ཧྥི་ལ་ཊི་ཡེབ་ཅེས་པ་ནི་ཨུ་རུ་སུའི་དམག་མི་ཞིག་ཡིན་ཞིང་། ཁོ་པ་ཟླ་བ་གཅིག་ལྷག་ལ་འཐབ་འཁྲུག་ཏུ་ཞུགས་ཏེ་རྨས་སྐྱོན་ཕོག ཧྥི་ལ་ཊི་ཡེབ་ཀྱིས་ཤོག་གྲངས་༡༤༡་ཅན་གྱི་ཉིན་ཐོ་ཞིག་བྲིས་ནས་ ཨུ་རུ་སུའི་དམག་དཔུང་ལ་ཕམ་ཉེས་ཅི་བྱུང་དང་ཨུ་རུ་སུའི་མི་དམངས་ལ་དམག་འཁྲུག་དེ་འགོག་དགོས་པའི་འབོད་སྐུལ་ཞུ་བའི་དཔེ་དེབ་ཅིག་བརྩམས།

༄༅།། པ་ཝེལ་ཧྥི་ལ་ཊི་ཡེབ་ཅེས་པ་ནི་ཨུ་རུ་སུའི་མཁའ་འབབ་དམག་སྡེ་༥༦་པའི་དམག་མི་ཞིག་ཡིན་ཞིང་། ཁོ་པ་ཟླ་བ་གཅིག་ལྷག་ལ་འཐབ་འཁྲུག་ཏུ་ཞུགས་ཏེ་ཕྱི་ཟླ་༤་པའི་མགོ་སྟོད་དུ་རྨས་སྐྱོན་ཕོག ཧྥི་ལ་ཊི་ཡེབ་ཀྱིས་བདུན་ཕྲག་ལྔའི་རིང་ཤོག་གྲངས་༡༤༡་ཅན་གྱི་ཉིན་ཐོ་ཞིག་བྲིས་ནས་ཕུ་ཊིན་གྱིས་མི་གསོད་ཁྲག་སྦྱོར་དང་གཏོར་ཚབས་ཆེ་བའི་དམག་འཁྲུག་ཅིག་བསླངས། ཨུ་རུ་སུའི་དམག་དཔུང་ལ་ཕམ་ཉེས་ཅི་བྱུང་དང་ཨུ་རུ་སུའི་མི་དམངས་ལ་དམག་འཁྲུག་དེ་འགོག་དགོས་པའི་འབོད་སྐུལ་ཞུ་བའི་དཔེ་དེབ་ཅིག་བརྩམས། ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་དང་དབྱིན་ཇིའི་གྷར་ཌི་ཡན་ཚོགས་པར་སོགས་གསར་འགྱུར་ལས་ཁང་ཁག་གིས་ཨུ་རུ་སུའི་མཁའ་འབབ་དམག་མི་ཟུར་པ་ཧྥི་ལི་ཊི་ཡེབ་ཀྱིས་ཨུ་རུ་སུའི་ངོ་དེབ་ཀྱི་ཚབ་དོད་ཝ་ཀོན་ཏ་ཀེ་ཊེ་ཞེས་པའི་དྲྭ་ཚིགས་སུ་ཉིན་ཐོ་སྤེལ་བ་དབྱིན་ཡིག་ཏུ་བསྒྱུར། ཨུ་རུ་སུའི་དམག་དཔུང་གིས་ཡུཀ་རེན་གྱིས་ཁར་སན་ནས་མཱི་ཀོ་ལེ་ཡེབ་བར་དུ་བཙན་འཛུལ་བྱས་པའི་ཉིན་རེའི་གནས་ཚུལ་ཞིབ་ཕྲ་རྣམས་བཀོད། ཧྥི་ལ་ཊི་ཡེབ་ཀྱི་ཉིན་ཐོའི་ནང་དུ་ཨུ་རུ་སུའི་དམག་དཔུང་རྣམས་ཟང་ཟིང་དུ་གྱུར་པ་དང་བཀོད་འདོམས་པ་ཚོར་འཆར་གཞི་མེད་པར་འཇིགས་སྣང་གིས་མནར། ང་ཚོའི་མཚོན་ཆ་རྣམས་རྙིང་པ་དང་བཙའ་བརྒྱབ་པ། ཨུ་རུ་སུའི་དམག་དཔུང་གིས་བཙན་འཛུལ་བྱ་ཡུལ་ཁག་ཏུ་བཟའ་བཏུང་བཙལ་ནས་འཕྲོག་བཅོམ་ལ་བྲེལ། ཨུ་རུ་སུའི་དམག་དཔུང་ལ་བཟའ་ཆས་སོགས་མེད་པར་དཔའ་སྟོབས་ཞུམ་སྟེ་ལས་འགུལ་དེར་ནུས་པ་མ་ཐོན། དམག་མི་ཁག་ཅིག་གིས་སོ་སོའི་རྐང་པའི་ཐོག་ཏུ་མེ་མདའ་བརྒྱབ་ནས་དམག་འཁྲུག་ལ་གཡོལ་ཐབས་དང་རྨས་མ་ཚོར་གཞུང་གིས་ཨ་སྒོར་ཁྲི་ཚོ་༥་རེ་སྤྲོད་རྒྱུའི་ཁས་ལེན་བྱས་པ་འཐོབ་ཐབས་སུ་འབད། ཨུ་རུ་སུའི་དམག་གིས་དགྲ་གཉེན་དབྱེ་བ་མ་ཆོད་པར་རང་དམག་གི་རུ་ཤོག་འགའ་རེར་མེ་སྒྱོགས་བརྒྱབ་ནས་རྨེག་མེད་དུ་བཅོམ། དམག་འཁྲུག་འདི་ཀུན་སྤྱོད་ལ་མཐུན་པའི་གནས་ལུགས་བགྲང་རྒྱུ་ཅི་ཡང་མི་རྙེད། ཨུ་རུ་སུས་ཡུཀ་རེན་ལ་དམག་འཁྲུག་བརྒྱབ་ནས་དམག་དཔུང་གི་རོ་རྣམས་ཐང་དུ་བརྡལ་བ་རེད་ཅེས་སྐྱོན་བཙུགས། གཟའ་འཁོར་འདིར་ཨུ་རུ་སུའི་མཁའ་འབབ་དམག་མི་ཟུར་པ་ཧྥི་ལ་ཊི་ཡེབ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་རོགས་རམ་འོག་བཙན་བྱོལ་དུ་བྲོས། ཁོང་གིས་ངའི་ཉིན་ཐོ་འདིས་འགྱུར་བ་གང་ཡང་གཏོང་མི་ཐུབ་ཀྱང་ང་ནི་ཀླ་ཀློའི་དམག་འཁྲུག་འདིར་མཉམ་ཞུགས་བྱ་རྒྱུ་མིན་ཞེས་བྲིས།།

ཧྥི་ལ་ཊི་ཡེབ་ཀྱིས་ཕྱི་ཟླ་༢་པའི་ཚེས་༡༥་ཉིན་ང་ཚོ་ཁེ་རེ་མཱི་ཡ་གླིང་ཟུར་གྱི་སི་ཊ་རི་ཀི་རིམ་དམག་སྒར་ལ་དམག་སྦྱོང་བྱེད་དུ་བཏང་སོང་། ང་ཚོའི་རུ་ཤོག་དེར་མི་༤༠་ཡས་མས་ཤིག་ཡོད་པ་རྣམས་པང་ལེབ་བཏིངས་པའི་གུར་གཅིག་གི་ནང་དུ་བཞག་པ་དང་ལྕགས་འཐབ་གཅིག་ལས་མི་འདུག ང་ཚོ་ཆེ་ཆི་ཎི་ཡའི་ས་ཐོག་ཏུ་ཁང་པ་དང་གུར་ཆུང་གི་ནང་དུ་བསྡད་དེ་མཐུན་རྐྱེན་ཡག་ག་ཡོད། འདི་གར་ང་ཚོར་ཁྲུས་རྒྱག་ས་མེད་པ་དང་བཟའ་བཏུང་ནི་ཁྲི་ལྟོ་ལས་ཀྱང་ཞན་པ་འདུག ང་དང་རོགས་པ་ལྔ་འཕྱི་བོ་བསླེབས་པ་ཚོར་ཉལ་གོས་དང་དམག་ཆས་ཁྲ་ཁྲ། ལྕགས་ཞྭ་དང་གོ་ཁྲབ་སོགས་ཅི་ཡང་མ་ཐོབ། མཐར་ང་ལ་རིང་མདའ་ཞིག་སྤྲད་བྱུང་བ་ནི་ལོང་ཐག་ཆད་ཡོད་པ་དང་བཙའ་བརྒྱབ་སྟེ་མདེའུ་འགགས་ནས་རྒྱག་མི་ཐུབ་པ་ཞིག་རེད། ངས་ཡུན་རིང་སྣུམ་བྱུགས་ནས་མེ་མདའ་ཕྱིས་པ་ཡིན། ཕྱི་ཟླ་༢་པའི་ཚེས་༢༠་ཙམ་ལ་མི་ཚང་མས་རྡོག་ཁྲེས་ཡང་པོ་ཞིག་ཁུར་ཏེ་ཛ་དྲག་གིས་ཕྱི་ལ་ཐོན་ཤོག་ཅེས་བཙན་བཀའ་བཏང་སོང་། ང་ཚོ་ངེས་བཟུང་མེད་པའི་ས་གནས་ཤིག་ཏུ་བསྐྱོད་དགོས་པ་འདྲ། མི་ཁག་ཅིག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཉི་མ་གསུམ་གྱི་ནང་ཚུད་དུ་རྒྱལ་ས་ཀིབ་ལེན་ཐུབ་རྒྱུ་རེད་ཅེས་ཀུ་རེ་རྩེས། ངའི་སེམས་སུ་གད་མོ་དགོད་པའི་དུས་ཚོད་ནི་མ་རེད། གལ་སྲིད་བཙན་འཛུལ་བྱ་རྒྱུ་ཡིན་ན་ཉི་མ་གསུམ་གྱི་ནང་དུ་ཅི་ཡང་འགྲུབ་ཐུབ་རྒྱུ་མ་རེད་བསམས་བྱུང་།།

ཕྱི་ཟླ་༢་པའི་ཚེས་༢༣་ཉིན་ང་ཚོའི་སྡེ་ཤོག་གི་བཀོད་འདོམས་པ་བསླེབས་ཏེ་ང་ཚོར་ཕ་ཡུལ་སྲུང་སྐྱོབ་པ་ཞེས་བསྔགས་བརྗོད་བྱས་ནས་འཚམས་འདྲི་ཞུས། སང་ཉིན་ནས་ཁྱེད་ཚོའི་ཉིན་ཕོགས་ཨ་སྒོར་༦༩་རེད་ཅེས་ཁྱབ་བསྒྲགས་བྱས་པ་དང་དེ་ནི་གནས་ཚུལ་ཆེན་པོ་ཞིག་འབྱུང་རྒྱུའི་སྔ་ལྟོས་རེད། མི་ཚོས་ཁར་སན་གྲོང་ལ་དཔུང་འཇུག་བྱ་གྲབས་ཡོད་པ་རེད་ཅེས་དཀྲོག་གཏམ་ཞིག་སྒྲོགས་ཀྱི་ཡོད་ཀྱང་ངས་བལྟས་ན་དེ་ནི་སྨྱོ་སྤྱོད་ཅིག་རེད། འོན་ཀྱང་ཉིན་དེ་ནས་བཟུང་སྟེ་གང་ཅིའི་ཐད་དུ་འགྱུར་བ་ཐེབས་སོང་། ངས་མི་ལ་འགྱུར་བ་སྣ་ཚོགས་ཤིག་ཐེབས་ཀྱི་ཡོད་པ་མཐོང་བྱུང་། མི་ཁག་ཅིག་ཚ་གི་ཚི་གེར་གྱུར་པ་དང་གཞན་ལ་སྐད་ཆ་མི་བཤད་པ། མི་ཁག་ཅིག་ལ་སྐྲག་སྣང་འབྱུང་གི་ཡོད་པ་དང་མི་ཁག་ཅིག་དུས་རྒྱུན་དང་མ་འདྲ་བར་དགའ་སྣང་སྐྱེ་ཡོད་པ་ཞིག་ཏུ་གྱུར་སོང་། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་གྱི་ཐོ་རེངས་ཆུ་ཚོད་༤་པ་ཙམ་ལ་ལྡིར་སྒྲ་དང་རྡིག་སྒྲ་གྲགས་ཏེ་ས་གཞིར་གཡོ་འཁྲུག་ཐེབས་ནས་ང་གཉིད་དཀྲོགས་བྱུང་། བར་སྣང་ལ་མེ་རྫས་ཀྱི་དྲི་མ་ཁྱབ་ཡོད་པ་དང་ངས་རླངས་འཁོར་ནང་ནས་ཕྱི་ལ་བལྟས་པ་ན་ནམ་མཁར་མདེལ་ཆར་གྱི་འོད་སྣང་ཁྱབ། ཅི་ཞིག་འབྱུང་གི་ཡོད་པ་གསལ་པོ་ཞིག་མི་ཤེས་པ་སྟེ། སྒྱོགས་མདེལ་གང་ནས་འཕེན་གྱི་ཡོད་པ་དང་གང་དུ་འཕེན་གྱི་ཡོད་པ། སུས་འཕེན་གྱི་ཡོད་པ་སོགས་མི་ཤེས་ཀྱང་ང་ལ་ལྟོགས་སྐོམ་དང་གཉིད་ཐེབས་ཆག་སྟེ་ངལ་དུབ་ཀྱིས་མནར་གྱི་ཡོད་པ་རྣམས་མེད་པར་གྱུར་སོང་། ངས་ཐ་མག་ཅིག་ལ་མེ་བསྒོས་ནས་གཉིད་སངས་ཐབས་བྱས་པ་དང་སྒྱོགས་མདེལ་རྣམས་ང་ཚོའི་མདུན་ཕྱོགས་ཀྱི་སྤྱི་ལེ་༡༠་ནས་༢༠་ཡས་མས་ཤིག་གི་མཚམས་སུ་འཕེན་གྱི་འདུག མི་ཚང་མ་གཉིད་སད་དེ་ཐ་མག་འཐེན་པ་དང་དམག་འཁྲུག་རྒྱག་འགོ་ཚུགས་སོང་། ང་ཚོར་འཆར་གཞི་ཞིག་ཡོད་ཤས་ཆེ་ཞེས་ཤུབ་པོར་སྨྲས། ང་ཚོའི་རླངས་འཁོར་མདུན་སྐྱོད་བྱ་རྒྱུ་ཇེ་དལ་དུ་ཕྱིན་པ་དང་ཉེ་འཁོར་གྱི་ཁང་ཆེན་ཁག་གི་ནང་དུ་གློག་སྦར་ཏེ་མི་ཚོས་སྒེའུ་ཁུང་དང་ཁྱམས་ར་སོགས་ནས་ཕྱི་ལ་ལྟ་ཡི་འདུག

ཞོགས་པའི་ཆུ་ཚོད་༦་པ་ཡས་མས་སུ་སྐྱ་རེངས་འཆར་གྱི་ཡོད་པ་དང་ཐད་འཕུར་གནམ་གྲུ་བཅུ་གྲངས་ཤིག་དང་མཚོན་ལྡན་འཐབ་འཁོར་མང་པོ། ཨུ་རུ་སུའི་རྒྱལ་དར་ཆུང་ཆུང་བཙུགས་པའི་ལྕགས་ཁྲབ་འཁོར་ལོ་བརྒྱ་ཕྲག་མང་པོ་དཔུང་སྐྱོད་བྱེད་ཀྱི་འདུག ཕྱི་དྲོའི་ཆུ་ཚོད་དང་པོ་ཙམ་ལ་ང་ཚོའི་རླངས་འཁོར་རྣམས་ཐང་ཆེན་ཞིག་གི་འདམ་ཉོག་ནང་དུ་ཟུག གལ་སྲིད་དགྲ་བོས་ང་ཚོ་མཐོང་ན་ཐང་དཀྱིལ་དེའི་རླངས་འཁོར་དཔུང་སྡེ་རྩ་མེད་གཏོང་ཆོག་ཆོག་ཡིན་པས་ང་ལ་སྐྲག་སྣང་སྐྱེས་བྱུང་། ལྕགས་ཁྲབ་འཁོར་ལོའི་ནང་གི་མི་རྣམས་ཕྱི་ལ་ཐོན་ཏེ་ཐ་མག་འཐེན་ནས་ཕར་ཚུར་བལྟས། ང་ཚོའི་ལས་འགན་ནི་ཌེ་ཎི་ཕེར་གཙང་པོ་བརྒལ་ནས་ཁར་སན་གྲོང་ཁྱེར་ལེན་དགོས་པ་དེ་རེད། ངས་འཛམ་གླིང་ཡོངས་སུ་གཅིག་འབྱུང་གི་ཡོད་པ་ཤེས་ཚོར་ཐུབ་ཀྱང་ཅི་ཞིག་འབྱུང་གི་ཡོད་པ་གསལ་པོར་མ་ཤེས། ངའི་སེམས་སུ་ང་ཚོས་ཡུཀ་རེན་ལ་བཙན་འཛུལ་བྱེད་ཆོག་གི་མ་རེད། ནུབ་ཆིངས་ཀྱིས་དམག་འཁྲུག་བསླངས་ནས་ང་ཚོས་ལན་པ་སློག་གི་ཡོད་པ་ཡིན་སྲིད། གཅིག་བྱས་ན་ཡུཀ་རེན་དང་ནུབ་ཆིངས་གཉིས་མཉམ་འབྲེལ་བྱས་ནས་ཨུ་རུ་སུར་བཙན་འཛུལ་བྱས་ཏེ་དམག་འཁྲུག་རྒྱག་གི་ཡོད་པ་ཡིན་སྲིད། གལ་སྲིད་ཨ་མི་རི་ཀས་དམག་འཁྲུག་བསླངས་པ་ཡིན་ན་ཨུ་རུ་སུའི་རྒྱང་ཤར་ཕྱོགས་སུའང་འཐབ་འཁྲུག་ལངས་ཡོད་ངེས་རེད། དེས་ན་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལངས་ཏེ་ཆག་སྒོ་ཆེན་པོ་ཞིག་འབྱུང་གི་རེད་བསམས་བྱུང་། ང་ཚོའི་བཀོད་འདོམས་པས་དམག་མི་ཚང་མར་སྤྲོ་སྣང་སློང་ཐབས་བྱས་ནས་མཚོན་ཆ་འདམ་ནང་དུ་ཟུག་པ་རྣམས་བསྐྱུར་ཤོག ང་ཚོ་མདུན་སྐྱོད་བྱ་དགོས་ཞེས་བཀའ་བཏང་སྟེ་བློ་ཁོག་ཡོད་མདོག་བསྟན་རུང་དོན་དངོས་སུ་ཁོ་པ་སྐྲག་གི་ཡོད་པ་མིག་གི་ནང་དུ་གསལ་འདུག

ཕྱི་ཟླ་༢་པའི་ཚེས་༢༥་ཉིན་གྱི་ཞོགས་པའི་ཆུ་ཚོད་༥་པ་ཙམ་ལ་ང་ཚོ་ཕྱི་ལ་ཐོན་ཤོག་ཅེས་གཉིད་དཀྲོགས་སོང་། ངས་ཐ་མག་ཅིག་འཐེན་ཞོར་དུ་ཕྱི་ལ་ཕྱིན་པ་དང་ང་ཚོའི་སྨན་པས་རྨས་མ་ཞིག་འཇོག་ས་འཚོལ་གྱིན་འདུག རྨས་མ་དེས་འཁྱག་གི་འདུག་ཅེས་རྟག་ཏུ་སྐད་བརྒྱབ་པ་དང་ང་ཚོས་ཉལ་ཆས་ཡོད་ཚད་གཡོགས་ཀྱང་ཕྱིས་སུ་མི་དེ་ཤི་འདུག ང་ཚོ་རྒྱ་ལམ་རྩུབ་པོ་དང་དྲོད་ཁང་ཡོད་སའི་གྲོང་གསེབ་ཁག་བརྒྱུད་ནས་ཕྱིན་པ་ཡིན། སྐབས་འགར་ང་ཚོ་གྲོང་གསེབ་ཁག་ལ་འབྱོར་དུས་མི་ཚོས་སྡང་མིག་བགྲད་ནས་ལྟ་ཡི་འདུག ཁང་པ་ཁག་ཅིག་གི་སྟེང་དུ་ཡུཀ་རེན་གྱི་རྒྱལ་དར་བཙུགས་ཡོད་པ་དང་ཁོ་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ལ་གུས་ཞབས་ཞུ་འོས་ཀྱང་ཡུཀ་རེན་དགྲ་རུ་གྱུར་པར་ཡིད་སེམས་སྐྱོ་བྱུང་། ང་ཚོ་ཞོགས་པའི་ཆུ་ཚོད་༨་པ་ཙམ་ལ་རྒྱ་ལམ་ཐོག་ཏུ་བསླེབས་ཏེ་ང་ཚོའི་རུ་ཤོག་གི་དམག་མི་རྣམས་འདུག མི་ཚང་མ་སྨྱོན་པ་ལྟར་གྱུར་ཡོད་པ་དང་མདང་དགོང་མཚན་ཧྲིལ་པོར་རྒོལ་རྡུལ་བཟེད་པ་ཡིན་ཟེར། ངས་རྒྱ་ལམ་ཐོག་ཏུ་ཕུང་པོ་ལུས་ཡོད་པ་དེ་ཚོར་བདག་པོ་བརྒྱབ་པ་དང་མི་གཅིག་གི་ཀླད་པ་ཚང་མ་རྐང་ལམ་ཐོག་ཏུ་གཅོལ་འདུག ང་ཚོ་ཁར་སན་དང་ཨོ་དྷ་སའི་གྲོང་འདབས་ཟིན་གྱི་ཡོད་ཀྱང་གྲོང་ཁྱེར་སྤྱི་ཁྱབ་ཚོས་བག་ལེབ་དང་ཚྭ་ཁྱེར་ཡོང་ནས་དགའ་བསུ་དང་གྲོང་སྡེ་ལྷན་ཁང་ཐོག་ཏུ་ཨུ་རུ་སུའི་རྒྱལ་དར་འཛུགས་རྒྱུ་ཁག་པོ་རེད། ཕྱི་དྲོའི་ཆུ་ཚོད་༤་པ་ཡས་མས་སུ་ང་ཚོའི་སྡེ་ཤོག་ནགས་ཁྲོད་དུ་ཕྱིན་ནས་ཡིབ། ཡུཀ་རེན་གྱི་འཕུར་མདེལ་དམག་དཔུང་མདུན་ཕྱོགས་སུ་འདུག ས་དོང་བྲུས་ནས་སྐུང་ཐབས་བྱོས་ཞེས་བཀའ་ཕེབས་པ་དང་ང་ཚོའི་རླངས་འཁོར་ཕལ་ཆེ་བར་སྣུམ་རྫོགས་ནས་སྐྱོད་དཀའ་བར་གྱུར།།

ཕྱི་ཟླ་༢་པའི་ཚེས་༢༦་ནས་༢༨་བར་དུ་ཧྥི་ལ་ཊི་ཡེབ་ཀྱི་སྡེ་ཤོག་གི་དམག་དཔུང་ཁར་སན་གྲོང་དུ་བསྐྱོད་དེ་ས་གནས་དེའི་གནམ་ཐང་མཐའ་བསྐོར། ལམ་དུ་ཚོང་ཁང་ཡོད་དོ་ཅོག་ལ་འཕྲོག་བཅོམ་བྱས་པ་དང་ཁར་སན་གྲོང་ནི་ཨུ་རུ་སུའི་བཙན་འཛུལ་འོག་ཏུ་ཚུད་པའི་ས་གནས་དང་པོ་དེར་གྱུར། ཁོ་ཚོ་ཕྱི་ཟླ་༣་པའི་ཚེས་༡་ཉིན་ཁར་སན་གྲོང་ལ་རྐང་ཐང་དུ་བསྐྱོད་དེ་ཕྱི་དྲོའི་ཆུ་ཚོད་༥་དང་ཕྱེད་ཀ་ཙམ་ལ་གྲུ་ཁར་འབྱོར། མདུན་སྐྱོད་དམག་དཔུང་གི་གྲོང་ཁྱེར་དེ་བླངས་ཟིན་ཡོད་པ་དང་མི་ཚང་མ་ངལ་དུབ་ཀྱིས་མནར། དམག་མི་རྣམས་ཁང་ཆེན་ཁག་ལ་བཟའ་བཏུང་དང་ཁྲུས་རྒྱག་ས། ཉལ་ས་འཚོལ་དུ་བརྒྱུགས། མི་གཅིག་གིས་གློག་ཀླད་དང་ཅ་ལག་རྩ་ཆེན་རྣམས་བརྐུས་ཁྱེར་བྱེད་ཀྱི་འདུག ང་ཁང་ཆེན་ཞིག་གི་ནང་དུ་ཕྱིན་པས་བརྙན་འཕྲིན་ཞིག་ཡོད་པ་དང་མི་འགའ་ཞིག་གིས་བརྙན་འཕྲིན་ལ་བལྟས་འདུག གསར་འགྱུར་རྣམས་ཡུཀ་རེན་གྱི་སྐད་དུ་བཤད་ཀྱི་ཡོད་པས་ཕྱེད་ཀ་ཙམ་ལ་མ་གོ ཨུ་རུ་སུའི་དམག་གིས་ཨོ་དྷེ་ས་དང་ཁར་ཀིབ། ཀིབ་བཅས་ལ་དཔུང་འཇུག་བྱེད་ཀྱི་ཡོད་པ་རེད་ཟེར་བ་ཞིག་གོ་ཡི་འདུག བརྙན་འཕྲིན་ནང་དུ་ཁང་ཆེན་ཁག་ལ་གཏོར་བཤིག་ཕོག་པ་དང་བུད་མེད་དང་བྱིས་པ་རྨས་མ་རྣམས་བསྟན། ང་ཚོའི་ལག་ཏུ་ཅི་ཞིག་ཐེབས་པ་རྣམས་ལྟོགས་རྔམ་གྱིས་བཟོས། ང་ཚོ་འུ་ཐུག་གི་གནས་སུ་ལྷུང་ཡོད་པས་དེ་ལ་སུ་གཅིག་གིས་ཀྱང་ལབ་གླེང་མ་བྱུང་། ཕྱི་ཟླ་༣་པའི་ཚེས་༢་ནས་༦་བར་དུ་ཧྥི་ལ་ཊི་ཡེབ་ཀྱི་སྡེ་ཤོག་ངལ་དུབ་ཀྱིས་མནར་ཀྱང་མཱི་ཀོ་ལི་ཡེབ་དང་ཨོ་དྷེ་ས་གྲོང་ཁྱེར་ལ་དཔུང་འཇུག་བྱ་དགོས་ཞེས་བཀའ་བསྒོས། ཨུ་རུ་སུའི་དམག་དཔུང་ལ་འཐབ་འཁྲུག་གི་མགོ་སྟོད་ནས་ཇུས་ཉེས་ཚབས་ཆེན་ཕོག ཧྥི་ལི་ཊི་ཡེབ་ཀྱི་སྡེ་ཤོག་ནགས་ཁྲོད་ནས་དབྱིན་ལེ་༤༠་ལྷག་གི་ཕ་རོལ་ཏུ་ཆགས་པའི་མཱི་ཀོ་ལེ་ཡེབ་གྲོང་ཁྱེར་དུ་བསྐྱོད། དམག་མི་ཚོས་བཀོད་འདོམས་པ་ཚོར་ང་ཚོས་འདིའི་འཕྲོ་ནས་ཅི་ཞིག་བསྒྲུབ་དགོས་པ་རེད་ཅེས་དྲིས་ཚེ། བཀོད་འདོམས་པ་ཚོས་ཅི་ཡང་ཤེས་ཀྱི་མེད་ཅེས་ལན་བཏབ། ཁོ་ཚོར་རྒྱབ་གནོན་དམག་དཔུང་ཐེངས་དང་པོ་འབྱོར་བ་རྣམས་ནི་ཨུ་རུ་སུའི་དམག་དཔུང་མིན་པར་ཌོ་ནེ་ཛིཀ་ས་ཁུལ་གྱི་ཁ་བྲལ་རིང་ལུགས་པ་རྣམས་ཡིན་ཞིང་། ཁོ་ཚོ་ལོ་ན་༤༥་ཡན་ཆད་དང་ཕན་ཐོགས་མེད་པ། ཨུ་རུ་སུའི་དམག་དཔུང་གི་ཚབ་ཏུ་བཙན་གྱིས་མདུན་སར་བཏང་བའི་ཡུལ་དམག་ཡིན་འདུག

ཕྱི་ཟླ་༤་པའི་ཟླ་དཀྱིལ་བར་དུ་ཧྥི་ལ་ཊི་ཡེབ་ཀྱི་སྡེ་ཤོག་དེ་ཉིད་ཕྱི་བ་བཞིན་དུ་ས་དོང་ནང་དུ་ཡིབ། ཡུཀ་རེན་གྱི་སྒྱོགས་མདེལ་གྱིས་གཏོར་རྒོལ་དྲག་པོ་བྱས་པ་དང་ཨུ་རུ་སུའི་དམག་དཔུང་མདུན་སྐྱོད་བྱ་རྒྱུ་མཐོང་ཐོས་མེད་པར་གྱུར། ང་ཚོས་རང་གི་བཙན་ས་བཟུང་ནས་ས་དོང་དུ་བསྡད། ང་ཚོར་ཁྲུས་རྒྱག་ས་མེད་པ་དང་བཟའ་བཏུང་ཆད། མི་ཚང་མར་རྒྱ་སྐྱེས་ནས་གདོང་ལ་དྲེག་པ་ཆགས། དམག་ཆས་དང་ལྷམ་རྣམས་ཟད་ནས་ཐེད་པོར་གྱུར། ཡུཀ་རེན་གྱི་དམག་གིས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་ང་ཚོ་གཏོར་རྒོལ་གྱི་དམིགས་འབེན་དུ་བཟུང་། དམག་མི་ཁག་ཅིག་གིས་རང་གིས་རང་ལ་མེ་མདའ་བརྒྱབ་ནས་རྨས་ཏེ་དམག་ས་ནས་ཕྱིར་འཐེན་དང་གླ་ཕོགས་ལེན་རྒྱུའི་ཐབས་སུ་བརྩོན། ང་ཚོས་ཡུཀ་རེན་གྱི་དམག་མི་བཟུང་བ་ཞིག་གི་མཛུབ་མོ་དང་ཕོ་མཚན་བཅད། ཡུཀ་རེན་གྱི་དམག་མི་ཞིག་གི་ཕུང་པོ་རྐུབ་བཀྱག་སྟེང་དུ་བཞག་སྟེ་ཐ་མག་སྤྲད་ནས་དེ་ལ་མིང་ཞིག་བཏགས། མེ་སྒྱོགས་ཀྱིས་གཏོར་རྒོལ་བྱས་ནས་གྲོང་ཁྱེར་ཁག་ཅིག་རྩ་མེད་བཏང་བ་དང་ཡུཀ་རེན་གྱི་རྒད་མོ་ཞིག་གི་བག་ལེབ་ནང་དུ་དུག་བཏབ་སྟེ་ཨུ་རུ་སུའི་དམག་ལ་སྤྲད་ནས་དགྲ་ལན་བསློགས། ངའི་སེམས་སུ་རང་ཉིད་སྲོག་མགོ་ཐོན་ན་དམག་འཁྲུག་འདིར་འགྱུར་བ་གཏོང་ཐབས་བྱེད་ངེས་ཡིན། ང་ཚོའི་དམག་དཔུང་གི་གནས་སྟངས་ཅི་ཞིག་ཡིན་པ་གསལ་བཀྲོལ་བྱ་དགོས་བསམས་བྱུང་། ཕྱི་ཟླ་༤་པའི་ཟླ་དཀྱིལ་དུ་ངའི་མིག་ལ་རྨས་སྐྱོན་ཕོག་སྟེ་དམག་ས་ནས་ཕྱིར་འཐེན་བྱས་བྱུང་། ད་ཐེངས་ང་མ་ཤི་བར་སྲོག་མགོ་ཐོན་པ་རེད། ཡིན་ནའང་ངའི་སྤྱོད་ཤེས་ཀྱིས་ང་ཚོར་ཧ་ཅང་གི་སེམས་ཐག་ཉེ་བའི་རྒྱལ་ཁབ་དང་མི་རིགས་ཤིག་ལ་བཙན་འཛུལ་བྱེད་ཆོག་པའི་ཀུན་སྤྱོད་ཀྱི་ཐོབ་ཐང་ཅི་ཡང་ཡོད་པ་མ་རེད་ཅེས་ང་ལ་ར་སྤྲགས་བྱེད་ཀྱི་འདུག ངས་གསང་བ་ཞིག་བཤད་དགོས། ཨུ་རུ་སུའི་དམག་མི་ཕལ་མོ་ཆེ་འཐབ་འཁྲུག་འདིར་དགའ་མོས་མེད་པར་སྲིད་གཞུང་དང་ཕུ་ཊིན། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་མྱོང་མེད་པའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་སོགས་ལ་ཞེན་པ་ལོག་ཡོད་པ་རེད། ཨུ་རུ་སུ་དང་ཡུཀ་རེན་མི་དམངས་ཀྱི་དགྲ་བོ་ངོ་མ་ནི་འཁྱོག་བཤད་དང་ལོག་བཤད་ཀྱི་དྲིལ་བསྒྲགས་རྣམས་རེད། ངས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་ནས་འདུག་ཐབས་མི་འདུག་ཅེས་བྲིས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG