ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཨ་རིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་ལྕམ་ཧེ་རི་སིས་གཟིགས་ཕྱོགས།


ཨ་རིའི་སྲིད་འཛིན་སྐུ་གཞོན་ལྕམ་ཧེ་རི་སི་བྷང་ཀོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ལ་འཚམས་འདྲི་ཞུས་པ།
ཨ་རིའི་སྲིད་འཛིན་སྐུ་གཞོན་ལྕམ་ཧེ་རི་སི་བྷང་ཀོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ལ་འཚམས་འདྲི་ཞུས་པ།

རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཇོ་བྷའི་ཌེན་གྱིས་སྲིད་འཛིན་གྱི་འོས་མིའི་འགྲན་རྩོད་ནས་ཕྱིར་འཐེན་གནང་རྗེས་སྲིད་འཛིན་བྷའི་ཌེན་གཙོ་བོར་གྱུར་བའི་མང་གཙོ་ཚོགས་ཁོངས་ཀྱི་གནད་ཡོད་མི་སྣ་ཁག་ཅིག་གིས་ལྕམ་ཀ་མ་ལ་ཧེ་རི་སི་ལ་སྲིད་འཛིན་གྱི་འོས་མིར་རྒྱབ་གཉེར་གནང་འདུག་ཀྱང་། ད་ལྟའི་ཆར་མང་གཙོ་ཚོགས་ཁོངས་ཀྱིས་ལྕམ་ཀ་མ་ལ་ཧེ་རི་སི་ལ་སྲིད་འཛིན་གྱི་འོས་མིར་ངེས་པའི་གཞུང་འབྲེལ་གསལ་བསྒྲགས་གནང་མེད། ཨ་རིའི་སྲིད་དོན་དབྱེ་ཞིབ་པ་ཚོས་གལ་ཏེ་མང་གཙོ་ཚོགས་ཁོངས་ཀྱིས་ལྕམ་ཧེ་རི་སི་ཚོགས་པའི་སྲིད་འཛིན་གྱི་འོས་མིར་རྒྱབ་གཉེར་གནང་པ་དང་ཁོང་སྲིད་འཛིན་ལ་འདེམས་ཐོན་བྱུང་ཚེ་ལྕམ་ཧེ་རི་སིས་བྷའི་ཌེན་སྲིད་གཞུང་གིས་རྒྱ་ནག་ལ་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་གནང་སྲིད་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་འདུག

སྲིད་འཛིན་བྷའི་ཌེན་གྱིས་ལྕམ་ཧེ་རི་སི་སྲིད་འཛིན་སྐུ་གཞོན་ལ་བསྐོ་བཞག་མ་གནང་གོང་ལྕམ་ཧེ་རི་སིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གནང་ཡོད་པ་མ་ཟད། ཁེ་ལེ་ཕོར་ནི་ཡ་མངའ་སྡེའི་ཁྲིམས་འཛིན་སྤྱི་ཁྱབ་ཀྱི་ཕྱག་ལས་གནང་མྱོང་ཡོད་ནའང་། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་ཁོང་ནི་ཕྱི་འབྲེལ་སྲིད་བྱུས་སྐོར་ལ་མཁྱེན་རྒྱ་ཆེན་པོ་དེ་ཙམ་མེད་པར་ངོས་འཛིན་བྱས་ཡོད། ལྕམ་ཧེ་རི་སིས་འདས་པའི་ལོ་གསུམ་དང་ཕྱེད་ཀ་ཙམ་གྱི་རིང་སྲིད་འཛིན་སྐུ་གཞོན་གྱི་ཐུགས་འགན་བཞེས་པའི་རིང་འཛམ་གླིང་རྒྱལ་ཁབ་༡༩ལྷག་ཙམ་ལ་གཟིགས་ཞིབ་ཏུ་ཕེབས་ཡོད་པ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་༡༥༠ ལྷག་དང་ཐུག་འཕྲད་གནང་བའི་སྐོར་ཕོ་བྲང་དཀར་པོའི་དྲ་རྒྱར་གསལ་བཏོན་གནང་ཡོད།

ཨ་རི་རླུང་འཕྲིན་ཁང་གིས་དེ་སྔ་ལྕམ་ཧེ་རི་སི་གྲོས་ཚོགས་གོང་མའི་འཐུས་མི་གནང་སྐབས་དང་དེ་རྗེས་སྲིད་འཛིན་སྐུ་གཞོན་གནང་སྐབས་རྒྱ་ནག་ཐོག་གཏམ་བཤད་གནང་བ་འགའ་ཞིག་ཕྱོགས་བསྡོམས་བྱས་པའི་ནང་་ཕྱི་ལོ་༢༠༢༣ཕྱི་ཟླ་༩པའི་ནང་ཨིན་ཌོ་ནི་ཤི་ཡའི་རྒྱལ་ས་ཇཱ་ཀར་ཏའི་ནང་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་རྒྱལ་ཁབ་ཀྱི་ལྷན་ཚོགས་ནང་ལྕམ་ཧེ་རི་སི་ཚོགས་བཞུགས་གནང་རྗེས་ཨ་རིའི་སི་བྷི་སི་བརྙན་འཕྲིན་ཐོག་བཀའ་མོལ་གནང་སྐབས་ཨ་རིའི་སྲིད་བྱུས་ནི་འཛམ་གླིང་སྤྱི་བྱིངས་ནས་ལོགས་སུ་ཐོན་འདོད་མེད། འོན་ཀྱང་ང་ཚོས་སོ་སོའི་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་མ་ཟད། ང་ཚོ་ནི་ཁྲིམས་དང་སྒྲིག་གཞི་ལ་བརྩི་སྲུང་ཞུ་མཁན་རྒྱལ་ཁབ་ཞིག་ཡིན་ཞེས་གསུངས་པ་དང་ཆབས་ཅིག དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་དེ་ཚང་མས་ཤེས་གསལ་རེད་ཅེས་དང་། ངས་ཨ་རིའི་ཁེ་གཉེར་བཟོ་ཚོང་ལས་ཁག་གི་འགོ་ཁྲིད་རྣམས་ཐུག་འཕྲད་གྲོས་མོལ་བྱུང་སྐབས་ཁོང་ཚོས་མ་འོངས་པར་ཚོང་ལས་རྒྱུན་འཁྱོངས་སྲ་བརྟན་གནས་ཐབས་སུ་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་ལ་བརྩི་སྲུང་ཞུ་མཁན་རྒྱལ་ཁབ་ཁག་ནང་མ་རྩ་འཛུགས་འཇོག་བྱེད་འདོད་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་འདུག་ཅིང་། རྒྱ་ནག་ནི་མ་རྩ་འཛུགས་འཇོག་བྱེད་སའི་རྒྱལ་ཁབ་བརྟན་པོ་ཞིག་ཡིན་མི་སྲིད་པའི་བསམ་ཚུལ་འཛིན་མཁན་མང་དུ་འགྲོ་གི་ཡོད་པའི་འགྲེལ་བརྗོད་ཀྱང་གནང་ཡོད་པ་རེད།ད།

ཕྱི་ལོ་༢༠༢༢ལོའི་ནང་ཐའི་ལེན་གྱི་རྒྱལ་ས་བྷེང་ཀོག་ཏུ་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་དཔལ་འབྱོར་མཉམ་འབྲེལ་མཐུན་ཚོགས་ཀྱི་ལྷན་ཚོགས་ཀྱི་ཞོར་དུ་ལྕམ་ཧེ་རི་སིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་དང་པོ་དེ་གནང་སྐབས་ཞི་ཅིན་པིང་ལ་ཨ་རི་དང་རྒྱ་ནག་གཉིས་དབར་ཕན་ཚུན་འགྲན་བསྡུར་བྱས་སྐབས་འགན་ཁུར་ལེན་ཕྱོགས་ཐད་འབྲེལ་མཐུད་བྱ་ཡུལ་གྱི་མཐུན་རྐྱེན་ཞིག་བསྐྲུན་རྒྱུའི་ལས་དོན་འགོ་དབྱེ་ཕྱེ་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ནན་བརྗོད་གནང་ཡོད། དེ་དང་ཕྱོགས་མཚུངས་ཕྱི་ལོ་༢༠༢༢ཕྱི་ཟླ་༩པའི་ནང་ལྕམ་ཧེ་རི་སི་ཡིས་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡུན་སུག་ཡོལ་དང་ཐུག་འཕྲད་གནང་སྐབས་ལྕམ་ཧེ་རི་སིས་ཨ་རིས་ཐེའི་ཝན་ལ་རྒྱབ་སྐྱོར་མུ་མཐུད་་བྱ་རྒྱུ་དང་ཐའི་ཝན་གྱི་གནས་བབ་ཐོག་ཕྱོགས་གཅིག་རྐྱང་པས་འགྱུར་བ་གཏོང་ཐབས་ཀྱི་བྱ་སྤྱོད་ལ་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། ཡང་ལྕམ་ཧེ་རི་སིས་ཉི་ཧོང་ལ་ཕེབས་སྐབས་ཁོང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དུ་རྒྱ་ནག་གི་བཙན་བཤེད་ཀྱི་བྱ་སྤྱོད་ལ་གཏམ་བཤད་གནང་བའི་ནང་རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་གསལ་བའི་སྒྲིག་གཞི་ཁག་ལ་རྩིས་མེད་བཏང་སྟེ་མཚོ་བརྒྱུད་འགྲོ་བཞུད་ཀྱི་རང་དབང་ཐོབ་ཐང་ལ་གདོང་ལེན་བྱས་ཡོད་པ་མ་ཟད། རྒྱ་ནག་གིས་དྲག་པོ་དང་དཔལ་འབྱོར་སྟོབས་ཤུགས་ངོམ་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་སྡིག་སྐུལ་བྱེད་ཀྱི་འདུག ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་དེ་ཁུལ་གྱི་མཚོ་ཁའི་སྟེང་འགྲུལ་བཞུད་དང་དེ་ཁུལ་བར་སྣང་ཐོག་འཕུར་བསྐྱོད་བྱ་རྒྱུ་ལ་སོགས་པ་མུ་མཐུད་ནས་བྱེད་འཆར་ཡོད་ཅེས་གསུངས་འདུག

ལྕམ་ཧེ་རི་སི་དེ་སྔ་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པའི་སྐབས་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་ཁོང་གིས་ཐུགས་འཚབ་གནང་གི་ཡོད་པ་གསལ་བཏོན་གནང་བ་དང་འབྲེལ་ཕྱི་ལོ་༢༠༡༩ལོར་ཧོང་ཀོང་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱ་ནག་གཞུང་གིས་རྩིས་མེད་བཏང་བར་ངོ་རྒོལ་གྱི་ཁྲིམས་འཆར་ངོ་སྤྲོད་གནང་མཁན་གྲས་སུ་ཡོད་པ་རེད།

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG