ཨི་སི་རལ་གྱི་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་སྐུ་ཚབ་དྷན་ནི་དྷ་ནོན་གྱིས་རེས་གཟའ་མིག་དམར་ཉིན་གསར་འགོད་པ་ཚོར་བརྗོད་དོན་བྱས་ན། ཨི་སི་རལ་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་པ་ལེ་སི་ཐན་བ་ཚོར་དམིགས་ནས་བཙུགས་པའི་སྐྱབས་བཅོལ་ལས་ཁུངས་དེ་བཞིན་བཀག་སྡོམ་བྱེད་པའི་ཁྲིམས་ཡིག་དེ་འདི་ཚེས་༣༠ སྟེ་རེས་གཟའ་ཕུར་བུ་ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྐྱབས་བཅོལ་ལས་ཁུངས་དེས་ལས་དོན་ཡོད་ཚད་མཚམས་འཇོག་གིས་ཇི་རུ་སཱ་ལམ་དུ་ཡོད་པའི་སྤྱི་ཁྱབ་ལས་ཁུངས་ནས་ཕྱིར་འཐེན་བྱ་དགོས་པ་བརྗོད་འདུག ན་ནིང་ལོའི་སྤྱི་ཟླ་༡༠ ཚེས་ ༢༨ ཉིན་ཨི་སི་རལ་གྲོས་ཚོགས་ཀྱིས་སྐྱབས་བཅོལ་ལས་ཁུངས་དེའི་ལས་བྱེད་ཁག་ཅིག་༢༠༢༣ ལོའི་སྤྱི་ཟླ་༡༠ པའི་ཚེས་༧ ཉིན་ཧ་མ་སིས་ཨི་སི་རལ་ལ་ཐོག་མར་གཏོར་རྒོལ་ནང་མཉམ་ཞུགས་བྱས་ཡོད་པའི་རྐྱེན་གྱིས་ལས་ཁུངས་དེ་བཀག་སྡོམ་བྱ་རྒྱུའི་ཁྲིམས་ཡིག་གཏན་འབེབས་བྱས་ཡོད་པ་རེད། དེའི་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེ་དོན་ཞིབ་བཤེར་བྱས་ཏེ་འབྲེལ་ཡོད་ལས་བྱེད་མི་དགུ་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པ་རེད།
རེས་གཟའ་མིག་དམར་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ལ། སྐྱབས་བཅོས་ལས་ཁུངས་དེའི་དྲུང་ཆེ་ཧྥེ་ལི་ཕུ་ལཱ་ཛ་ར་ནིས་ཨི་སི་རལ་གྱི་ཐག་གཅོད་དེ་ལག་བསྟར་བྱས་ན་གོད་ཆག་ཆེན་པོ་ཞིག་ཡིན་པ་དང་། པ་ལེ་སི་ཐན་བ་ས་ཡ་མང་པོ་ལ་མི་ཆོས་དགེ་བའི་རོགས་སྐྱོར་དགོས་མཁོ་ཆེ་བའི་དུས་སྐབས་ཛ་དྲག་དེ་འདྲའི་འོག་ལ། གྷ་ཛ་དང་ནུབ་ཆུ་ཁའི་པ་ལེ་སི་ཐན་བ་ཚོ་ལ་སྨན་བཅོས་དང་ཤེས་ཡོན་སློབ་གསོ་ཐད་ལ་རོགས་སྐྱོར་བྱེད་མཁན་གྱི་ལས་ཁུངས་དེ་སྒོ་བརྒྱབ་ན་གང་ཅིའི་ཐད་ནས་གྱོང་གུད་ཆེན་པོ་ཕོག་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག འོན་ཏེ་ཨི་སི་རལ་གྱི་དཔོན་རིགས་ཚོས། རོགས་སྐྱོར་ལས་ཁུངས་གཞན་གྱིས་སྐྱབས་བཅོལ་ལས་ཁུངས་དེ་ཚབ་བྱས་ནས་མི་ཆོས་དགེ་བའི་ལས་དོན་གང་མང་སྤེལ་ཆོག་གི་ཡོད་པ་བརྗོད་འདུག མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཚོས་གལ་ཏེ་སྐྱབས་བཅོལ་ལས་ཁུངས་དེ་སྒོ་བརྒྱབ་ཚེ། བཙན་བཟུང་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཨི་སི་རལ་ལ་པ་ལེ་སི་ཐན་མི་མང་ལ་གཞི་རྩའི་ཞབས་ཞུ་མཁོ་སྤྲོད་བྱ་རྒྱུའི་ཁྲིམས་ཀྱི་འགན་འཁྲི་ཡོད་རེད་ཅེས་བརྗོད་འདུག
གླེང་སྟེགས།