ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

རེས་གཟའ་མིག་དམར་ཉིན་ཧེ་རེ་སེ་དང་ཊམ་དབར་ཧ་ཅང་གནད་འགག་ཆེ་བའི་བགྲོ་གླེང་བྱ་རྒྱུ།


ད་རིང་རེས་གཟའ་མིག་དམར་ཉིན་གྱི་དགོང་མོ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཀ་མ་ལ་ ཧེ་རེ་སེ་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གཉིས་ཀྱི་དབར་འོས་བསྡུའི་དྲིལ་བསྒྲགས་དང་འབྲེལ་བའི་བགྲོ་གླེང་ཐོག་མ་དེ་བྱེད་ཀྱི་ཡོད་པ་དང་། བགྲོ་གླིང་འདི་ནི་ཁོང་རྣམ་གཉིས་དབར་གྱི་བགྲོ་གླེང་ཐོག་མ་དེ་ཡིན་པ་མ་ཟད། མཐའ་མ་དེ་ཡང་ཆགས་སྲིད་པ་རེད།

ད་ཆ་ནི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་བྱེད་བར་གཟའ་འཁོར་བརྒྱད་ལས་མེད་པའི་ཁར་མངའ་སྡེ་མང་པོས་ཉིན་ཤས་གོང་ནས་དངོས་གཞིའི་འོས་བསྡུ་ཉིན་མོའི་གོང་འོས་འཕེན་པའི་བྱེད་སྒོ་འགོ་འཛུགས་ཟིན་ཡོད་པ་རེད། ད་ལམ་གྱི་བགྲོ་གླེང་འདི་བཞིན་ཨ་རིའི་ཨེ་བྷི་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་གྲགས་གྲས་གཉིས་ཀྱིས་གཙོ་སྐྱོང་གནང་རྒྱུ་ཡིན་པ་མ་ཟད། བགྲོ་གླེང་འདི་ནི་ཕྱི་ཟླ་བཅིུག་པའི་ཚེས་༥ཉིན་གྱི་སྲིད་འཛིན་འོས་བསྡུའི་ནང་འོས་མི་རྣམ་གཉིས་ལ་རྒྱལ་ཕམ་གྱི་ཁ་ཕྱོགས་གང་དུ་བསྐྱོད་ལ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། དུས་ཡུན་ཚོུད་གཅིག་དང་ཕྱེད་ཀའི་བགྲོ་གླེང་འདིའི་ཐོག་ནས་འོས་མི་སོ་སོས་རྒྱ་ཆེའི་མང་ཚོགས་ནས་ཁོང་རྣམ་གཉིས་ནས་སུ་ལ་འབྱུང་འགྱུར་ལོ་བཞིའི་རིང་སྲིད་འཛིན་གྱི་གོ་གནས་བཞེས་རྒྱུར་འོས་འཚམས་ཡོད་མེད་བརྟག་དཔྱད་བྱ་རྒྱུའི་གོ་སྐབས་ཤིན་ཏུ་གལ་ཆེན་ཞིག་ཀྱང་ཆགས་ཡོད། དེར་བརྟེན་འོས་མི་གཉིས་སོ་སོ་རང་ཉིད་མང་ཚོགས་ལ་ངོ་སྤྲོད་ལེགས་པར་གནང་ནས་ལས་དོན་གནང་ཕྱོགས་ཀྱི་གནད་དོན་ཁག་འབུར་འདོན་གནང་ཐུབ་པ་བྱེད་དགོས་ཀྱི་ཡོད། དེ་ལྟར་ནའང་ད་བར་མཇལ་མྱོང་དང་ཞལ་པར་ཐོག་དཀའ་མོལ་ཡང་གནང་རེས་མེད་པའི་ཆབ་སྲིད་དབུ་ཁྲིད་གཉིས་ཀྱིས་འདས་པའི་ཟླ་ཤས་ཀྱི་རིང་ཕན་ཚུན་སྐྱོན་བརྗོད་གནང་རེས་ཤུགས་ཆེ་གནང་ཡོད་པ་བཞིན་ད་རེས་བགྲོ་གླེང་སྐབས་སུའང་དེ་འདྲའི་གནས་ཚུལ་འབྱུང་ཉེན་ཡོད་པ་དང་། སྐུ་ཞབས་ཊམ་ནི་གནད་དོན་མང་པོར་ཐོག་བཀའ་མོལ་གནང་རྒྱུར་གཡོལ་མཁས་ལ་ཁ་གཏད་ལ་དམའ་འབེབས་ཟུར་ཟ་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་ཡོངས་གྲགས་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྕམ་ཧེ་རེ་སེ་ནི་རྩ་བའི་ཁྲིམས་དོན་མཁས་པ་ཞིག་ཡིན་རུང་སྤྱི་ཚོགས་ནང་ཁོང་གི་ཤེས་བརྒྱུད་དང་སྲིད་བྱུས་ལངས་ཕྱོགས་སོགས་ཀྱི་ཐོག་མི་མང་ལ་ངོ་སྤྲོད་ལེགས་པར་གནང་དགོས་ཀྱི་ཡོད་པ་རེད། དེ་འདྲའི་ཆ་ནས་སྲིད་འཛིན་འོས་མི་རྣམ་པ་གཉིས་དབར་དོ་དགོང་གི་བགྲོ་གླེང་འདི་ནི་ཧ་ཅང་གནད་འགག་ཆགས་ཡོད། དེ་དང་ཕྱོགས་མཚུངས་ཨ་རིའི་མི་མང་ས་ཡ་མང་པོས་ཧ་ཅང་དོ་སྣང་ཆེན་པོའི་སྒོ་ནས་ལྟ་ཉན་བྱ་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།

རྩ་བའི་ཨ་རིའི་འོས་འཕེན་མི་མང་ཁྲོད་མང་ཆེ་བས་སོ་སོའི་སྲིད་དོན་ཚོགས་པའི་ལངས་ཕྱོགས་དང་འབྲེལ་ནས་སོ་སོའི་འོས་ཤོག་འཕེན་རྒྱུ་ཐག་ཆོད་བྱས་ཟིན་ཡོད་ནའང་། ཐག་གཅོད་མ་ཟིན་པའི་བར་ཞུགས་འོས་འཕེན་བ་མང་པོ་ཡོད་པ་དེ་དག་གིས་དོ་དགོང་གི་བགྲོ་གླེང་འདིའི་བྱུང་རིམ་ལ་གཞིགས་ཏེ་སྲིད་འཛིན་འོས་མི་གཉིས་ནས་སུ་ལ་རང་གི་རྩ་ཆེ་བའི་འོས་ཤོག་དེ་འཕེན་གྱི་ཡོད་ཐག་ཆོད་བྱ་རྒྱུ་ཡིན་པ་རེད།

ད་ལྟའི་ཆར་འོས་བསྡུའི་རྒྱལ་ཁ་ཐོབ་ཤོར་གྱི་ཁྱད་པར་བཟོ་གཞིའི་མངའ་སྡེ་བདུན་པོ་དེའི་མི་མང་ཁྲོད་འོས་མི་ཁོང་གཉིས་ནས་སུ་ལ་འོས་འཕེན་འདོད་ཡོད་མེད་ཐད་ནིའུ་ཡོག་ཀྲའིམ་ས་གསར་ཤོག་གིས་རྒྱལ་ཡོངས་སུ་བསམ་ཚུལ་བསྡུ་ལེན་བྱས་པར་གཞིགས་ན་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་འོས་འཕེན་བའི་བརྒྱ་ཆ་༤༨ཀྱིས་རྒྱབ་སྐྱོར་དང་སྲིད་འཛིན་གཞོན་པ་ལྕམ་ཀ་མ་ལ་ ཧེ་རེ་སེ་ལ་འོས་འཕེན་བའི་བརྒྱ་ཆ་༤༧ཀྱིས་འོས་ཤོག་འཕེན་རྒྱུའི་འདོད་མོས་ཡོད་པ་གསལ་བཏོན་བྱས་འདུག ཡང་མངའ་སྡེ་དེ་ཚོ་རེ་རེ་བྱས་ཏེ་ལྟས་པ་ཡིན་ན་ཁ་ཤས་ནང་ལ་ཧེ་རེ་སེ་དང་ཁ་ཤས་ནང་ཊམ་ལ་འོས་འཕེན་གྱི་ཡིན་ཞེས་བརྗོད་མཁན་བྱུང་ནས་ད་ལྟའི་ཆར་ཁོང་རྣམ་པ་གཉིས་ནས་སུ་ལ་འོས་ཤོག་མང་བ་ཐོབ་ཀྱི་ཡོད་བརྗོད་དཀའ་བར་གྱུར་འདུག དེར་བརྟེན་དོ་དགོང་གི་བགྲོ་གླེང་འདིས་འོས་འཕེན་བའི་ཁ་ཕྱོགས་བསྒྱུར་རྒྱུར་ཤིན་ཏུ་གནད་འགག་ཆེན་པ་ཡིན་པ་རེད།

ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG