རྒྱ་ནག་གཞུང་གིས་ཐེ་ཝན་དུ་འགྲོ་གྲོན་ཆེན་པོ་བཏང་ནས་དངུལ་གྱི་བསླུ་བྲིད་འོག་གསང་བའི་ཚོགས་པ་འཛུགས་བཞིན་པ་དང་། དེ་ཚོར་གསང་ཉུལ་བ་བསྡུ་རུབ་བྱེད་དུ་བཅུག་ཏེ་རྒྱ་ནག་ལ་མགོ་འབུལ་ལུས་འགུལ་བྱེད་ཀྱིན་པ་དང་དངུལ་བླངས་ནས་སོ་ཉུལ་གྱི་ལས་ཀ་བྱེད་མཁན་ཐེ་ཝན་པ་བརྒྱད་ལ་ཐེ་ཝན་ཆེས་མཐོའི་ཁྲིམས་ཁང་གིས་བཙོན་མཇུག་ཁྲིམས་ཐག་བཅད་འདུག
སྤྱི་ཚེས་༢༢་ཉིན་ལ་ཐེ་ཝན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱ་ནག་ལ་དམག་དོན་གསང་བ་མཁོ་སྤྲོད་བྱས་པའི་དོགས་གཞིའི་འོག་ད་ལྟའི་ཐེ་ཝན་གྱི་དམག་མི་དང་དམག་མི་ཟུར་བ་བརྒྱད་ལ་ལོ་གཅིག་དང་ཕྱེད་ཀ་ནས་ལོ་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག དེ་ཚོ་ནི་རྒྱ་ནག་གིས་ཐབས་ཇུས་གསར་བ་བཀོལ་ནས་ཐེ་ཝན་གྱི་དམག་མི་དང་དམག་མི་ཟུར་བ་ཚོར་སོ་ཉུལ་བྱེད་དུ་མཇུག་བཞིན་པ་དང་འབྲེལ་བ་ཡོད་འདུག
ཐེ་ཝན་དབུས་གསར་ཁང་གིས་སྤེལ་བའི་གནས་ཚུལ་དུ། ཐེ་ཝན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་དམག་དོན་གནམ་གྲུ་བཀོད་འདོམས་ཁང་གི་དམག་དོན་ཤཱེ་སོགས་མི་༡༠་ལ་རྒྱ་ནག་དམར་ཤོག་གཞུང་གི་སོ་པ་བྱེད་པའི་ཁྲིམས་བཤེར་བྱས་ཤིང་། དམག་དཔོན་ཤཱེ་དང་ལས་མཚམས་བཞག་ཡོད་པའི་དམག་དཔོན་ཆུང་བ་ཟུར་བ་ཞའོ་བཅས་མི་བརྒྱད་ལ་ལོ་གཅིག་དང་ཟླ་དྲུག་ནས་ལོ་༡༣་བར་གྱི་བཙོན་མཇུག་ཁྲིམས་ཐག་བཅད་པ་དང་། དེ་མིན་མི་གཅིག་ལ་ཉེས་མེད་གློད་གྲོལ་བཏང་བ། དམག་མི་ཟུར་བ་གཅིག་བྲོས་བྱོལ་དུ་ཕྱིན་པར་ད་ལྟ་འཛིན་བཟུང་གི་བཀའ་རྒྱ་བཏང་ཡོད་པ་རེད། དེ་ལྟར་རུང་ཁྲིམས་ཐག་བཅད་ཟིན་པ་ཚོས་ནག་ཉེས་ལ་ངོས་ལེན་མེད་པ་ཡིན་ན་ད་དུང་ཡར་བཏུགས་བྱ་ཆོག་གི་ཡོད་འདུག
རྒྱ་ནག་གིས་གསང་བའི་ངང་ཐེ་ཝན་དུ་སོ་ཉུལ་གྱི་ཚོགས་པ་འཛུགས་བཞིན་པ།
ཐེ་ཝན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་ཟླ་བརྒྱད་པའི་ཚེས་༢༢་ཉིན་ལ་གསར་འགོད་ཡིག་ཆ་ཞིག་བཀྲམས་པ་དེའི་ནང་བཀོད་དོན་ལྟར་ན། ཐེ་ཝན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གྱིས་ཐོ་ཡཱན་གྲོང་ཁྱེར་གྱི་ཞིབ་དཔྱོད་ཁང་དང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཁང་། རྒྱལ་སྲུང་ལྷན་ཁང་གི་དམག་དོན་བདེ་འཇགས་ཀྱི་གསང་བའི་ཞིབ་བཤེར་ཁང་བཅས་ལ། དོགས་ཡོད་མི་སྣ་ཁྲེན་ཞེས་པ་བཅས་ཀྱིས་སྤྱི་ལོ་༢༠༢༢་ལོ་ནས་བཟང་རྒྱ་ནག་སྐམ་སའི་གསང་བའི་ལས་བྱེད་ཀྱི་བཀོད་པའི་འོག་ཐེ་ཝན་དུ་གསང་བའི་གནས་ཚུལ་བསྡུ་རུབ་ཀྱི་ཚོགས་པ་འཛུགས་བཞིན་པ་ཞིབ་བཤེར་བྱེད་དགོས་པའི་བཀོད་ཁྱབ་བཏང་བ་དང་། ད་དུང་དམག་མི་དང་དམག་མི་ཟུར་བ་ཞའོ་སོགས་ལ་རྒྱ་ནག་སྐམ་སའི་ཆེད་དུ་གསང་བ་བསྡུ་རུབ་དང་ཕྱིར་གྱར། དམག་དོན་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པར་ཞིབ་དཔྱོད་བྱས་པ་བཅས་ལས། གོང་གིས་ཞིབ་དཔྱོད་ཚན་པས་སྤྱི་ལོ་༢༠༢༣་ལོའི་ཟླ་༧་པ་ནས་བཟུང་ཞིབ་དཔྱོད་རིམ་པ་བཞི་དང་ས་གནས་མང་པོར་ཞིབ་དཔྱོད་བྱས་རྗེས། ལོ་དེའི་སྤྱི་ཟླ་༡༡་གི་ཚེས་༢༧་ཉིན་ལ་ཞིབ་དཔྱོད་མཇུག་སྒྲིལ་ཏེ་མི་དེ་ཚོའི་སྤྱོད་ངན་ཐེར་འདོན་གྱིས་དངོས་སུ་ཁྲིམས་བཏུག་བྱས་ཡོད་འདུག
ཁྲིམས་ཞིབ་ཁང་གི་ཁྲིམས་བཤེར་བས་བརྗོད་ན་ཁྲིམས་དོན་དཔྱད་བསྡུར་མཇུག་སྒྲིལ་རྗེས་སྤྱི་ཟླ་༨་ཚེས་༢༢་ཉིན་ལ་ཁྲིམས་ཐག་བཅད་པ་དང་། ཉེས་མེད་གློད་གྲོལ་བཏང་བ་གཅིག་ལས་གཞན་རྣམས་ཉེས་པ་ཐེར་འདོན་བྱས་ཏེ་ཁྲིམས་ཐག་བཅད་ཡོད་པ་རེད། ཡང་རྒྱལ་ཁབ་ཀྱི་བདེ་འཇགས་ནི་མང་གཙོའི་རྨང་གཞི་ཡིན་པ་དང་། ཐེ་ཝན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་འབྲེལ་ཡོད་རྒྱལ་ཁབ་བདེ་འཇགས་ཞིབ་དཔྱོད་ཁང་བཅས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་གནད་དོན་གང་འདྲ་ཞིག་ཡིན་རུང་། མ་འོངས་པར་དཔང་རྟགས་ཞིབ་ཚགས་ངང་འཚོལ་སྡུད་བྱེད་པ་དང་འབྱུང་ཁུངས་འཚོལ་བ། རྩ་བ་འཚོལ་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བཞིན་པརཉེས་ཆད་ནན་པོ་བཅད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ཡིན་པར་གསལ་སྟོན་བྱེད་འདུག
དངུལ་གྱིས་བསླུ་བྲིད་བྱས་པའི་དམག་མི་དང་དམག་མི་ཟུར་བ།
ཐེ་ཝན་ཁྲིམས་ལུགས་ལས་ཁུངས་ཀྱི་ཞིབ་བཤེར་ཁང་གིས་ཀྱང་གསལ་བསྒྲགས་ཤིག་བསྐྱངས་ཏེ། ཐོ་ཡཱན་ཞིབ་བཤེར་ཁང་གིས་༢༠༢༢་ལོར་ཁྲེན་ཞེས་པའི་ཐེ་ཝན་པ་དེ་རྒྱ་ནག་དམར་ཤོག་གཞུང་གི་དཔོན་རིགས་ཀྱིས་བསླུས་པ་དང་། ཡང་དམག་ཁོངས་ནས་ཕྱིར་ཐོན་ཡོད་པའི་དམག་མི་ཟུར་བ་ཞའོ་དང་ཤཱེ་སོགས་དངུལ་གྱིས་བསླུས་ཏེ་ཐེ་ཝན་དུ་རྒྱ་ནག་དམར་ཤོག་གཞུང་གི་རྩ་བ་འཛུགས་ཆེད་ཚོགས་པ་གསར་འཛུགས་ལ་རོགས་རམ་བྱེད་པ་རྩད་གཅོད་བྱུང་བ། ཐེ་ཝན་རྒྱལ་སྲུང་གི་ཆབ་སྲིད་འཐབ་ཇུས་ལྷན་ཁང་དང་དམག་དོན་ལས་ཁུངས་བཅས་ནས་ལས་མཚམས་བཞག་པའི་དམག་མི་མང་པོར་དམག་དོན་གསང་བ་ལ་ལྐོག་ཉན་དང་གནས་ཚུལ་བསྡུ་རུབ། གནས་ཚུལ་སྤྲོད་ལེན་གྱི་རོགས་རམ་བྱས་པ་རྩད་གཅོད་བྱུང་ཡོད་པ་མ་ཟད། དཔང་རྟགས་ཆ་ཚང་རྙེད་རྗེས་ཐེ་ཝན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁྲིམས་བཤེར་བྱས་པ་ཡིན་འདུག ཡང་གསལ་བསྒྲགས་དེའི་ནང་དུ་ནང་དུ་ཞིབ་དཔྱོད་པ་ཚོས་ཞིབ་བཤེར་བྱེད་སྐབས་རིམ་བཞིན་བསླུ་བྲིད་བྱས་ཏེ་དམག་དོན་གསང་བ་སྡུད་ལེན་བྱེད་མཁན་དམག་མི་འགའ་རྙེད་སོན་བྱུང་ཞིང་། དོན་རྐྱེན་འདི་ཆ་ཚང་༢༠༢༣་ལོའི་ཟླ་༡༡་གི་ཚེས་༩་ཉིན་ཐེ་ཝན་མཐོ་རིམ་ཁྲིམས་ཞིབ་ཁང་ལ་རྩིས་སྤྲད་པ། ལོ་དེའི་ཟླ་༡༡་ཚེས་༢༢་ཉིན་ཁྲེན་དང་ཤཱེ་སོགས་མི་༡༠་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དང་། རྒྱལ་ཁབ་གསང་བ་སྲུང་སྐྱོབ་བཅའ་ཁྲིམས། སྐམ་མཚོ་གནམ་གསུམ་གྱི་དམག་དོན་ཁྲིམས་ལུགས། ལྐོག་ཟ་ངན་ཇུས་ཀྱི་སྒྲིག་སྲོལ་དང་ཉེས་ཁྲིམས་ལ་འགལ་བའི་ནག་ཉེས་ཐེར་འདོན་བྱས་ཏེ་ ཟླ་༨་ཚེས་༢༢་ཉིན་ཐེ་ཝན་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་བྱས་ཡོད་པ་རེད།
ལས་མཚམས་བཞག་པའི་དམག་དཔོན་ཆུང་བ་ཞའོ་ལ་ལོ་༡༣་གྱི་བཙོན་འཇུག་བྱས་ཏེ་ཉེས་ཆད་ཁྲིམས་ཐག་ལྕི་ཤོས་དེ་བཅད་པ་དང་། གཞན་ཉེས་ཅན་དགུའི་ཁྲོད་དུ་ཞིབ་བཤེར་ཁང་གིས་བཤད་དོན། ཤཱེ་ལ་ལོ་༩་ཡི་བཙོན་མཇུག་ཁྲིམས་ཐག་བཅད་པ། ཧཱོ་ཞེས་པར་ལོ་བདུན་དང་ཟླ་བཞིའི་བཙོན་མཇུག་ཁྲིམས་ཐག་བཅད་པ། ། ཁཱང་ཞེས་པར་ལོ་བདུན་དང་ཟླ་གཉིས། ཧོན་ཞེས་པར་ལོ་བདུན། ལའུ་ཞེས་པར་ལོ་ལྔ་དང་ཟླ་དྲུག ལིའུ་ཞེས་པར་ལོ་གཅིག་དང་ཟླ་དྲུག་བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
རྒྱ་ནག་གི་ནག་ཉེས་བྱེད་ཐབས་གསར་བར་རྩད་གཅོད་བྱེད་པ།
གསལ་བསྒྲགས་དེའི་མཐའ་སྡོམ་དུ་འཁོད་གསལ་ལྟར་ན། གནད་དོན་འདིའི་ཐད་ཞིབ་དཔྱོད་ཁང་དང་རྒྱལ་སྲུང་ལྷན་ཁང་མཉམ་འབྲེལ་ངང་། དམག་དོན་གསང་བ་ཕྱི་གྱར་བྱུང་བཞིན་པར་ལམ་ལྷོང་ལྡན་པའི་སྒོ་ནས་བཀག་འགོག་བྱས་པ་དང་། རྒྱ་ནག་གུང་ཁྲན་ཏང་གིས་དངུལ་ལོར་བེད་སྤྱད་དེ་ཁེ་སྤོགས་སྤྲོད་པའི་ཁྲིམས་འགལ་གྱི་ཐབས་ལམ་གསར་པར་ཞིབ་བཤེར་བྱས་ཏེ། ཐེ་ཝན་གྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་ཆེ་རུ་གཏོང་ངེས་པར་ནུས་པ་ལྡན་པའི་སྒོ་ནས་སྔོན་འགོག་བྱས་པ་མ་ཟད། རྒྱ་ནག་གུང་ཁྲན་ཏང་གིས་ཐེ་ཝན་དུ་གསང་བའི་རུ་ཁག་འཛུགས་སྐྲུན་བྱེད་པར་བཀག་འགོག་བྱས་ཏེ། རྒྱ་ནག་གུང་ཁྲན་ཏང་གི་ཐེ་བྱུས་ལ་ཁ་གཏད་གཅོག་པ་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བྱེད་པར་ཕན་ནུས་ཆེན་པོ་དང་དངོས་ཡོད་ཀྱི་མཐུན་རྐྱེན་ཕན་རླབས་ཆེན་པོ་སྦྱར་ཡོད་པ་རེད།
ཐེ་ཝན་རྒྱལ་སྲུང་ལྷན་ཁང་གིས་ཀྱང་ཉིན་དེར་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ༢༠༢༣ ལོའི་ཟླ་ ༢ ནས་ ༧ ་བར་རིམ་བཞིན་འབྲེལ་ཡོད་གསང་བ་ཕྱི་གྱར་བྱུང་བའི་གནས་ཚུལ་འབྱོར་བ་དང་། དེ་མ་ཐག་ཏུ་རྒྱལ་ཁབ་བདེ་འཇགས་ཆེད་དུ་མཉམ་འབྲེལ་སྲུང་སྐྱོབ་ཀྱི་ལམ་ལུགས་གཞིར་བཟུང་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་ཡོངས་ཁྱབ་ཞིབ་དཔྱོད་ཁང་ལ་བརྡ་ལན་བཏང་བས། འབྲེལ་ཡོད་ཚོས་མཉམ་རུབ་ཀྱིས་ཁ་གཏད་བཅག་རྒྱུར་ཞིབ་འཇུག་དང་དཔང་རྟགས་བསྡུ་རུབ། གནོད་སྐྱོན་ཚོད་འཛིན་འོས་འཚམས་བྱས་རྗེས་ད་ལོའི་ཟླ་ ༧ ཚེས་ ༣༡ ཉིན་ཐེ་ཝན་ཆེས་མཐོའི་ཁྲིམས་
གསལ་བསྒྲགས་ནང་བཤད་དོན། གནད་དོན་འདི་ཐེ་ཝན་གྱི་མཐོ་རིམ་ཁྲིམས་ཁང་གིས་ཞིབ་བཤེར་བྱས་རྗེས་ཉིན་དེ་རང་ལ་གསལ་བསྒྲགས་བྱས་ཡོད་པ་དང་། རྒྱ་ནག་གུང་ཁྲན་ཏང་གིས་ཐེ་ཝན་གྱི་སྒོ་སོ་སོ་ནས་གསང་ཉུལ་བྱེད་ཀྱིན་པར་གདོང་ལེན་གྱིས། རྒྱལ་སྲུང་ལྷན་ཁང་གིས་མུ་མཐུད་དུ་སྲུང་སྐྱོབ་དང་བདེ་འཇགས་ཉེན་བརྡའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
དམག་མི་ཚོས་རང་གི་ལས་དོན་གསང་བར་ཉར་དགོས།
ཐེ་ཝན་ཁྲིམས་ཞིབ་ཁང་གིས་སྔར་ལོའི་ཟླ་ ༡༡ ཚེས་ ༢༧ ཉིན་གནས་ཚུལ་སྤེལ་བ་ལྟར་ན། དོན་རྐྱེན་འདིའི་ནང་ཐེ་གཏོགས་བྱེད་མཁན་མི་གྲངས་ ༡༠ ཡོད་པ་དང་། དེའི་ནང་ནས་ཁྲེན་དང་། ཞའོ། ཤཱེ་གསུམ་གྱིས་རྒྱ་ནག་སྐམ་སའི་བཀོད་འདོམས་འོག་ཐེ་ཝན་ནས་དམག་དོན་གསང་བ་ཉུལ་ཞིབ་དང་བསྡུ་རུབ་བྱས་ཡོད། ཁོ་ཚོས་ཞེ་དང་ཧཱོ། ཁཱང་། ཧོན་བཅས་བཞི་བསྡུས་ནས་ཁོ་ཚོའི་ལས་གནས་བརྟན་པོ་བཟུང་ནས། ཤེས་རྟོགས་བྱུང་བའི་གཞུང་འབྲེལ་ཡིག་ཆ་དང་། ཡང་ན་ལས་གནས་ལ་བརྟེན་ནས་རང་གི་དམག་སྡེའི་གྲོགས་པོ་ནས་ཐོབ་པའི་གཞུང་འབྲེལ་ཡིག་ཆ་དང་དམག་དོན་ཐོག་གསང་བ་བྱེད་དགོས་པའི་ཡིག་ཆ་ཚོ་རྒྱ་ནག་ལ་མཁོ་སྤྲོད་བྱས་པ། རྒྱལ་སྲུང་དང་དམག་དོན་བདེ་འཇགས། དེ་བཞིན་རྒྱལ་ཁབ་ཀྱི་ཁེ་ཕན་དང་འབྲེལ་བ་ཡོད་པས་གསང་བ་བྱེད་དགོས་པའི་ཡིད་ཆ་ཡིན་པ་ཤེས་བཞིན་དུ། གཞུང་ཞབས་པར་གསང་བ་ཉར་ཚགས་བྱེད་པའི་འོས་འགན་ཡོད་ཀྱང་། ཁྲིམས་འགལ་གྱིས་རྔན་པ་བླངས་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྤྲོད་བྱས་ཡོད་པ་རེད། དེ་ནི་ལས་འགན་དང་འགལ་བའི་བྱ་སྤྱོད་ཡིན་པ་དང་། དེའི་ཆེད་དུ་རྒྱ་ནག་གུང་ཁྲན་ཏང་གིས་སྤྲད་པའི་རྔན་པ་བླངས་ཡོད་པར་བཀོད་འདུག
སྐབས་དེ་དུས་ཀྱི་ཡིག་ཆའི་ནང་དུ་ཁྲིམས་དོན་ཞིབ་བཤེར་ཁང་གིས། རེའུ་མིང་ལ་ལའུ་དང་ཝུ་སོགས་ཀྱིས་རང་ཉིད་དམག་མི་ཡིན་པ་དང་། རྒྱལ་ཁབ་ལ་དམ་ཚིག་བསྲུང་དགོས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་དགོས་པ། རྒྱ་ནག་སྐམ་སར་ལྐོག་འབྲེལ་གྱིས་དམ་བཅའ་འཇོག་མི་ཆོག་པའམ། ཡང་ན་དམག་འཁྲུགསྐབས་སུ་རྒྱ་ནག་སྐམ་སའི་ས་ཁུལ་ལ་ཞབས་ཞུ་བྱ་རྒྱུ་ཁས་ལེན་བྱེད་མི་ཆོག་པ་སོགས་རྩིས་མེད་ཀྱིས། ལས་འགན་དང་འགལ་བའི་བྱ་སྤྱོད་བྱེད་མི་ཆོག་པ་"ཤེས་བཞིན་དུ། ཤཱེ་སོགས་དངུལ་གྱི་བསླུ་བྲིད་དང་དངུལ་གྱི་སྐུལ་སློང་འོག་ལས་འགན་དང་འགལ་བའི་སྒོ་ནས་རྔན་པ་བླངས་པ། "ང་མགོ་འབུལ་ལུས་འབུལ་བྱེད་འདོད་ཡོད་"ཅེས་"བསམ་བློའི་དམག་འཐབ་"ཀྱི་བརྙན་བླངས་ནས་རྒྱ་ནག་གུང་ཁྲན་ཏང་ལ་སྤྲད་ནས་གླ་ཆ་བླངས་ཡོད་པ་བྲིས་འདུག
ཁྲིམས་ཞིབ་ལས་ཁུངས་ཀྱིས་ཡིག་ཆ་དེ་ཚོའི་ནང་དུ། ཉེས་ཅན་པ་བཅུ་པོ་ཚང་མ་སྔོན་ཆད་དམག་མི་ཡིན་པའམ། ཡང་ན་ད་ལྟ་དམག་མི་ཡིན་པས། དམག་མི་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་ལ་དྲང་བདེན་བྱེད་རྒྱུ་ནི་རྨང་གཞིའི་ལས་འགན་ཡིན་པ་ཤེས་དགོས་པ་ཡིན་མོད། འོན་ཀྱང་ཁོ་ཚོས་དྲང་བདེན་གྱི་ལས་འགན་ལས་འགལ་བ་དང་། གསང་བ་བྱེད་དགོས་པའི་སྒྲིག་གཞི་དང་འགལ་ནས་རྒྱལ་ཁབ་དང་མི་མང་བཙོངས་པ། རྒྱལ་ཁབ་ཀྱི་དམག་དོན་གསང་བ་མང་པོ་ཕྱིར་གཏོང་བྱས་པ་བཅས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཚབས་ཆེའི་གནོད་འཚེ་བཟོས་ཡོད་པས། ཁྲིམས་ལུགས་ཀྱི་ཆད་པ་ནན་མོ་གཅོད་དགོས་ཞེས་དང་། ལའུ་ཡིས་"ངས་བཅིངས་འགྲོལ་དམག་མིར་མགོ་འབུལ་ལུས་འབུལ་བྱེད་འདོད་ཡོད་"ཅེས་པའི་"བསམ་བློའི་དམག་འཐབ་"ཀྱི་བརྙན་ཐུང་བརྒྱབ་པའི་བྱ་སྤྱོད་དེས་ཁོའི་ལས་འགན་ལ་ཚབས་ཆེའི་འགལ་འཛོལ་བྱས་ཡོད་པ་དང་། "ད་ལྟའི་དམག་མིས་རྒྱ་ནག་གུང་ཁྲན་ཏང་ལ་དྲང་བདེན་བྱེད་རྒྱུ་ཡིན་པ་བསྟན་པ་དེ་ནི་ཧ་ཅང་ཚབས་ཆེ་བའི་གནོད་འཚེ་བཟོས་ཡོད་"ཅེས་ཁྲིམས་དཔོན་གྱིས་ཁྲིམས་ཁང་ལ་ཉེས་ཁྲིམས་ནན་མོ་གཅོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
དམག་མིའི་གསང་ཉུལ་བ་ཇེ་མང་དུ་འགྲོ་བཞིན་པའི་མཚོན་རྟགས།
རྒྱལ་སྤྱིའི་ཐེ་ཝན་ཞིབ་འཇུག་ཁང་གི་འགན་འཛིན་དང་། ཇེམ་སི་ཊོན་ (Jamestown Foundation) དགེ་རྩ་ཚོགས་པའི་ཞིབ་འཇུག་པ་གཙོ་བོ་ཞའོ་ལིང་ཆི་ཡིས། ཉེ་ཆར་གྱི་དོན་རྐྱེན་འདི་དག་གིས་འདས་པའི་ལོ་བཅུའི་རིང་ཐེ་ཝན་གྱི་དམག་མིར་འབྲེལ་བའི་སོ་པའི་དོན་རྐྱེན་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བའི་མཚོན་རྟགས་མངོན་གསལ་ཆེ་རུ་སོང་བར་ངོས་འཛིན་བྱས་སོང་།
ཁོང་གིས་ཨ་རིའི་རླུང་འཕྲིན་ཁང་ལ་གློག་འཕྲིན་རྒྱུད་དེ། ཉེས་འཛུགས་བྱུང་བའི་མི་སྣ་འདི་དག་ལོ་ན་གཞོན་པ་ཡིན་པ་དང་། དོན་རྐྱེན་སྔ་མ་དེའི་ནང་ཕལ་ཆེར་ལོ་ན་རྒས་པའི་བགྲེས་ཡོལ་དམག་མི་ཆགས་ཡོད་པ་བཀོད་འདུག
ཁོང་གིས། དོན་རྐྱེན་འདི་ཚོའི་ནང་གི་མི་རབས་རྒན་པ་རྣམས་ནི་ལྟ་བ་དང་དཔལ་འབྱོར་གྱི་ཁེ་ཕན་གཉིས་ཀ་ལ་འབྲེལ་བ་ཡོད་སྲིད་ཀྱང་། ཡང་དོན་རྐྱེན་འདི་ཚོའི་ནང་གི་གཞོན་པ་ཚོས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་ལྟས་པ་ཡིན་པ་འདྲ་ཞེས་བརྗོད་འདུག
ཁོང་གིས་མུ་མཐུད་དུ་བརྗོད་དོན་ལྟར་ན། ཐེངས་འདིར་ཁྲིམས་ཁང་གིས་ཁྲིམས་ཐག་ནན་པོ་བཅད་ཡོད་སྲིད་དེ། སོ་པ་འདི་དག་གིས་བསྡུ་རུབ་དང་ཕར་སྤྲོད་བྱས་པའི་གསང་བའི་གནས་ཚུལ་གྱི་རིན་ཐང་དམའ་བོ་ཡིན་པ་མ་ཟད། ཡང་འདི་ནི་ཕལ་ཆེར་སོ་པ་གཞན་དག་ལ་འཇིགས་སྐུལ་གྱི་བརྡ་ལན་སྤྲོད་པའི་ཆེད་དུ་ཡང་ཡིན་སྲིད་པ་རེད།
གཟའ་ཕུར་བུའི་ཉིན་ལ་ཐེ་ཝན་ཞིབ་དཔྱོད་ཁང་གིས་གསལ་བསྒྲགས་སྤེལ་བའི་ནང། ལོ་ཤས་གོང་ནས་ཐེ་ཝན་གྱི་དམག་དོན་བདེ་འཇགས་ལྷན་ཁང་གིས་ཞིབ་བཤེར་བྱས་པའི་སོ་པའི་དོན་རྐྱེན་གྱི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་པ་དང་། ཡང་དམིགས་ཡུལ་དང་ཐབས་ལམ་དེ་ཚོ་སྔོན་དང་མི་འདྲ་བར་སྤྱི་ལོ་༢༠༡༡ ནས་ ༢༠༢༣ བར་ཐེ་ཝན་གྱིས་རྒྱ་ནག་གི་སོ་པའི་དོན་རྐྱེན་ ༤༠ རྩད་གཅོད་བྱས་ཡོད་པ་དེ་ནི་ ༢༠༠༡ ནས་ ༢༠༡༠ བར་གྱི་གྲངས་འབོར་ལས་ལྡབ་གསུམ་གྱིས་མང་བ་ཡིན་པ་དང་། དོན་རྐྱེན་དེ་དག་ཏུ་དམག་མི་དང་གཞུང་ཞབས་པ་ ༡༡༣ ལ་འབྲེལ་བ་ཡོད་པ། རྒྱལ་སྲུང་གི་གསང་བའི་གནད་དོན་མང་པོ་ཞིག་ཕྱིར་གྱུར་བྱུང་ཡོད་པར་བཀོད་འདུག
ཨ་རིའི་ཚོང་ལས་ཞིབ་འཇུག་ (American Enterprise Institute) ལྟེ་གནས་ཀྱི་ཞིབ་འཇུག་པ་གཙོ་བོ་ (Zack Cooper) ཛཱག་ཁའུ་ཕར་གྱིས་དོན་རྐྱེན་འདི་དག་ནི་རྒྱ་ནག་དང་ཐེ་ཝན་དབར་གྱི་འགལ་ཟླ་དང་འབྲེལ་བ་ཡོད་པ་དང་། ལྷག་པར་དུ་ཞིབ་འཇུག་གི་གྲུབ་འབྲས་ལ་བལྟས་ན་དེ་ལྟར་ཡིན་པ་མངོན་གསལ་ཡིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་གློག་འཕྲིན་རྒྱུད་དེ་བརྗོད་འདུག དེ་ཡང་ཁོང་གིས། འདིས་པེ་ཅིན་གྱིས་ཐེ་ཝན་གྱི་དམག་དོན་དང་བདེ་འཇགས་ལྷན་ཁང་དུ་ཐེ་ཇུས་བྱེད་འདོད་ཡོད་པ་གསལ་པོར་བསྟན་ཡོད་པས། ཐེ་པེ་ཡིས་མ་འོངས་པར་རྒྱ་ནག་གི་བྱེད་ཐབས་དེ་ཚོར་དོ་སྣང་ཆེན་པོ་བྱེད་དགོས་ཞེས་བྲིས་འདུག
ཐེ་ཝན་གཞུང་གིས་ཐེ་ཝན་གྱི་དམག་དོན་བདེ་སྲུང་དངདམག་དོན་དངུལ་གྲོན་ཇེ་མཐོར་བཏང་ནས་རྒྱ་ནག་གཞུང་གིས་ཐེ་ཝན་དུ་གསང་བའི་ལས་དོན་སྤེལ་བཞིན་པ་དེ་ཚོ་འགོག་ཐབས་བྱེད་དགོས་པའི་རེ་འདུན་བཏོན་ཡོད།
གླེང་སྟེགས།