ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

༄༅།།བལ་ཡུལ་མཆོད་རྟེན་འགྲམ་གྱི་སྒ་བ་ཟ་ཁང་།


Gawa Restaurant
Gawa Restaurant

༄༅།། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུ་དང་མཆོད་རྟེན་བྱང་རུ་ཁ་ཤོར་སོགས་ཀྱི་ཉེ་འཁོར། ད་དུང་བལ་ཡུལ་གྱི་ས་གནས་ཁག་ཏུ་བོད་པ་ཚོས་ཟ་ཁང་དང་ཚོང་ཁང་། བོད་པའི་མགྲོན་ཁང་ཕྱེ་ནས་ཚོང་ལས་གཉེར་གྱི་ཡོད་ཅིང་། ཕྱི་ཟླ་༦་པའི་ཚེས་༩་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་མཆོད་རྟེན་གྱི་ཉེ་འཁོར་དེ་བལ་པོ་ཚོས་ཧ་ཅང་དགའ་མོས་བྱ་ཡུལ་བོད་ཟས་གླིང་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག གསར་འགོད་པ་རུ་ཀུ་ཤ་གྷི་རི་(Rukusha Giri)་ཞེས་པ་ཞིག་གིས་ང་ཉིན་ཤས་གོང་དུ་བོད་ཟས་གཙང་མ་དང་རིན་གོང་ཆེན་པོ་མིན་པའི་བོད་པའི་ཟ་ཁང་ཞིག་ཏུ་ཕྱིན་པ་ཡིན། ངའི་སྤུན་མཆེད་ཀྱིས་ང་བལ་ཡུལ་མཆོད་རྟེན་མཐའི་སྒ་བ་ཟ་ཁང་(Gawa Restaurant)་དུ་སོང་། ཟ་ཁང་དེར་ཁྱེད་རང་དགའ་བའི་ཟས་རིགས་རྣམས་འདུག་ཅེས་ང་ལ་མཚམས་སྦྱོར་བྱས་བྱུང་། ང་བོད་པའི་ཟ་ཁང་དུ་ཕྱིན་ནས་བོད་ཟས་ཐེངས་འགའ་བཟས་མྱོང་ཡོད། སྒ་བ་ཟ་ཁང་གི་ཟ་མ་རྣམས་ཟས་རིགས་མཆོག་ཏུ་གྱུར་པ་དེ་དག་གི་གྲས་སུ་ཚུད་ས་རེད་ཅེས་གསར་འགྱུར་སྤེལ་འདུག

Gawa Restaurant
Gawa Restaurant

གསར་འགོད་པས་ང་སྒ་བ་ཟ་ཁང་དུ་འཛུལ་མ་ཐག་ཏུ་ཟས་ཞིམ་གྱི་དྲི་མ་སྣ་ལམ་དུ་ཐུལ། ཟ་ཁང་གི་ཕྱོགས་གཅིག་ཏུ་བག་བྲོ་བའི་ཁང་མིག་ཆུང་ཆུང་གཉིས་ལོགས་སུ་བཞག་ཡོད་པ་དེ་དག་ནི་བཟའ་ཚང་ཚོར་ཟུར་འཇོག་བྱས་པ་ཡིན་ཤས་ཆེ་བསམས་སོང་། ཡིན་ནའང་ཟ་ཁང་གི་བདག་པོས་ཁང་མིག་དེ་དག་ཐ་མག་འཐེན་མཁན་ཚོར་ཟུར་འཇོག་བྱས་ཡིན་ཟེར། སྒ་བ་ཟ་ཁང་ནི་ཁྱིམ་ཚང་ཞིག་གིས་གཉེར་བའི་ཟ་ཁང་ཞིག་ཡིན་པ་དང་ཕྲུ་གུ་རྣམས་རྩེད་མོ་རྩེ་ས་མེད་ཀྱང་བཟའ་མི་ལྷན་འཛོམས་བྱ་ཡུལ་ཞིག་ལ་ཤིན་ཏུ་འཚམས། ལྷག་པར་དུ་ཕ་མ་ཚོས་ཕྲུ་གུ་ཁྲིད་ནས་ཟ་ཁང་དེར་ཕྱིན་ན་ཕྲུ་གུ་ཚོར་རང་ཁྱིམ་ལྟ་བུའི་ཚོར་བ་ཞིག་སྟེར་རྒྱུ་གདོན་མི་ཟ། ངས་ཟ་ཁང་གི་བདག་པོ་དང་ལས་མི་ཚོར་ཁ་བརྡ་བྱས་པ་ཡིན། ཁོ་ཚོས་ཟ་ཁང་དེ་ཏོག་དབྱིབས་ནད་ཡམས་དུས་སུ་དྲྭ་ལམ་དུ་ཟས་རིགས་མངགས་ཉོ་དང་སྐྱེལ་འདྲེན་བྱས་ནས་འགོ་བཙུགས། མི་མང་པོ་ཞིག་སྒ་བ་ཟ་ཁང་གི་ཟས་རིགས་ལ་དགའ་མོས་བྱུང་སྟེ་ཟ་ཁང་དངོས་སུ་སྒོ་འབྱེད་དགོས་པའི་ནན་སྐུལ་བྱས་པས་༢༠༢༠་ལོར་ཟ་ཁང་སྒོ་ཕྱེ་བ་ཡིན་ཞེས་འགྲེལ་བཤད་བརྒྱབ་པའི་གསར་འགྱུར་སྤེལ་འདུག


གསར་འགོད་པ་རུ་ཀུ་ཤ་གྷི་རིས་སྒ་བ་ཟ་ཁང་གི་ཟས་རིགས་ཁག་ལ་བཤད་པ་བརྒྱབ་པ་ལྟར་ན། ཕོ་བ་རིས་དང་སྐྱུར་འབྲས། ཆུ་ཀུབ་ཁུ་བའི་བཏུང་བྱ་ཤེལ་ཕོར་གང་ལ་བལ་སྒོར་༡༨༠་ནས་༢༡༠་སྤྲོད་དགོས་པ་དང་འཐུངས་པའི་རྗེས་སུ་བསིལ་སང་ངེ་འགྲོ་ཡི་འདུག བཏུང་བྱ་དེའི་མངར་སྐྱུར་གྱི་བྲོ་བ་ཧ་ཅང་སྙོམས་པོ་བསྡེབས་འདུག ཞོ་ཁོག་དང་ཤ་མོ། ཧྥིན་དང་ཊིག་མོག་གི་ཟས་རིགས་དེར་བལ་སྒོར་༢༦༠་རེད། ངས་ཟས་རིགས་འདི་བཟས་པ་ཐེངས་དང་པོ་ཡིན་རུང་མ་འོངས་པར་མངགས་རྩིས་ཡོད། མོག་མོག་སྡེར་མ་གང་ལ་མོག་མོག་བཅུ་འདུག ཤ་མོག་སྡེར་མ་གང་ལ་བལ་སྒོར་༢༢༠་དང་ཚེ་མོག་སྡེར་མ་གང་ལ་བལ་སྒོར་༡༩༠་རེད། བལ་ཡུལ་གྱི་རྒྱལ་སར་མོག་མོག་ཟ་ཁང་མང་དུ་མཆིས་ཀྱང་སྒ་བ་ཟ་ཁང་གི་མོག་མོག་དེར་བྲོ་བ་མ་འདྲ་བ་ཞིག་འདུག མོག་མོག་གི་ཕྱི་ལྤགས་སྲབ་པོ་དང་ནང་རྫོང་མོད་པོ་ཡོད་པས་ང་མོག་མོག་དེར་དམིགས་བསལ་གྱིས་དགའ་མོས་བྱུང་། གྲོད་པ་བརྔོས་མ་ནི་མ་ཧེའི་གྲོད་དང་ཙོང་སོས་པ། དེའི་སྟེང་དུ་སྔོ་ཚོད་ཁག་ཅིག་བསྲེས་ནས་བརྔོས་འདུག དེ་ནི་བལ་པོའི་བྷུ་ཏཱན་(Bhuttan)་འདྲ་ཡང་ཁ་ཚ་པོ་མི་འདུག ཟས་རིགས་འདིར་བཙོ་དྲི་ཅུང་ཙམ་བྲོ་བས་མི་ཐམས་ཅད་ཀྱི་དགའ་མོས་ཐོབ་དཀའ། གྲོད་པ་བརྔོས་མ་སྡེར་མ་གང་ལ་བལ་སྒོར་༢༥༠་རེད། ཟས་རིགས་ཁ་ཚར་མི་དགའ་བའི་མི་རྣམས་གྲོད་པ་བརྔས་མ་འདིར་དགའ་ས་རེད་ཅེས་བྲིས།།


གསར་འགོད་པས་སྒ་བ་ཟ་ཁང་གི་ཟས་རིགས་གཞན་ལ་བཤད་པ་བྲིས་པ་ལྟར་ན། ཟ་ཁང་དེའི་རྒྱ་ཐུག་གྲང་མོའི་སྟེང་དུ་འཐག་ཤ་བརྔོས་མ་དང་སྣུམ་ཚལ་བརྔོས་མ་བླུགས་ནས་འདྲེན་གྱི་ཡོད་པས་ཧ་ཅང་ཞིམ་པོ་དང་བྲོ་བ་ཆེན་པོ། འཐག་ཤ་བླུགས་པའི་ཐུག་པ་གྲང་མོ་སྡེར་མ་གང་ལ་བལ་སྒོར་༢༡༠་རེད། བལ་ཡུལ་གྱི་རྒྱལ་སར་ཐུག་པ་གྲང་མོ་འཐུང་ས་མང་པོ་ཡོད་ཀྱང་སྒ་བ་ཟ་ཁང་གི་ཐུག་པ་གྲང་མོ་ནི་གྱོང་མེད་པ་ཞིག་ཡིན་པར་མ་ཟད། སྒ་བ་ཟ་ཁང་གི་ཤ་བག་ལེབ་དེ་ཆེན་པོ་ཞིག་རེད། ཤ་བག་ལེན་གྱི་མཉམ་དུ་ལ་ཕུག་སྙལ་མ་དམར་པོ་དང་སི་པན་ལྡུར་མ་སེར་པོ་ཞིག་སྤྲོད་ཀྱི་འདུག ཤ་བག་ལེབ་གཅིག་ལ་བལ་སྒོར་༢༡༠་ཡིན་པ་དང་བྲོ་བཅུད་ཐུན་མོང་མ་ཡིན་པ་ཞིག་འདུག ངས་སྔོན་ཆད་བཟས་མྱོང་བའི་ཤ་བག་ལེབ་རྣམས་དང་བསྡུར་ན་སྒ་བ་ཟ་ཁང་གི་ཤ་བག་ལེབ་ལ་ཞག་ཚི་ཉུང་བས་འཕྲོད་བསྟེན་བཟང་། ཟ་མ་སྟབས་བདེ་ཞིག་ལས་ཟ་མི་དགོས་ན་ཤ་བག་ལེབ་མངོགས། སྒ་བ་ཟ་ཁང་ནི་མཆོད་རྟེན་མཐའི་རམ་ཧི་ཏི་(Bauddha Road Ramhiti)་ལམ་ཟུར་དུ་འདུག རླངས་འཁོར་འཇོག་ས་ཡང་ཡོད་པ་དང་སྔ་དྲོའི་ཕྱི་ཚོད་༩་ནས་དགོའི་མོའི་ཆུ་ཚོད་༡༠་པ་བར་དུ་སྒོ་འབྱེད་ཀྱི་འདུག་ཅེས་ལམ་སྟོན་དང་བསྐྱར་ཞིབ་ཀྱི་གསར་འགྱུར་སྤེལ་འདུག

Gawa Restaurant
Gawa Restaurant

༡༩༥༩་ལོར་བོད་པ་རྣམས་རྒྱ་བལ་འབྲུག་གསུམ་དུ་བཙན་བྱོལ་ལ་བསླེབས་ནས་བཟུང་། བོད་པ་མང་པོས་ཐུག་པ་དང་མོག་མོག་གི་ཟ་ཁང་བཙུགས། དེ་འབནི་སྐབས་དེའི་བོད་པ་བཙན་བྱོལ་བའི་འཚོ་རྟེན་གྱི་ཚོང་ལས་གཙོ་བོ་ཞིག་ཏུ་གྱུར། རྒྱ་གར་དང་བལ་ཡུལ། འབྲུག་ཡུལ་སོགས་ཀྱི་ས་གནས་གང་དུ་ཕྱིན་ཀྱང་བོད་པའི་ཟ་ཁང་དང་བོད་པའི་ཐུག་པ། བོད་པའི་མོག་མོག་འཚོང་གི་ཡོད་པའི་ཟ་ཁང་མེད་པ་ཧ་ལམ་དཀོན། བོད་པ་ཚོས་ཐུག་པ་དང་མོག་མོག་བཙོངས་ནས་འཚོ་བ་སྐྱེལ་བའི་ཞོར་དུ་གནས་ཚང་རྒྱལ་ཁབ་ཁག་གི་མི་མང་ལའང་ཐུག་པ་དང་མོག་མོག་བཟོ་སྟངས་རྣམས་བསླབས། དེང་སྐབས་རྒྱ་གར་གྱི་གྲོང་ཁྱེར་ཁག་གི་ལམ་ཟས་གྲས་སུ་བོད་པར་མིག་དཔེ་བལྟས་ནས་ཐུག་པ་བརྔོས་མ་དང་མོག་མོག་འཚོང་མཁན་མང་དུ་འབྱུང་། བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་ཁྲོམ་གཞུང་གི་ལམ་ཟུར་དུ་མོག་མོག་འཚོང་གི་ཡོད་པ་ཕལ་མོ་ཆེ་བལ་པོ་དང་རྒྱ་གར་བ་ཡིན་ཞིང་། ཉེ་བའི་ལོ་ཤས་ཤིག་ནས་བལ་པོ་ཚོས་ཨ་རི་དང་ཡུ་རོབ་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བྱ་ཤའི་མོག་མོག་དང་གླང་ཤའི་མོག་མོག ལུག་ཤའི་མོག་མོག་དང་སྔོ་ཚོད་ཀྱི་མོག་མོག་བཅས་མོག་རིགས་མ་འདྲ་བ་འགའ་ཞིག་བཙོངས། ཁོ་ཚོས་མོག་ཤའི་ནང་དུ་བལ་པོའི་བྲོ་རྫས་བརྒྱབ་ནས་བལ་པོའི་མོག་མོག་དང་བལ་པོའི་ཐུག་པ་ཞེས་མིང་བཏགས།།


བོད་པ་བཙན་བྱོལ་བ་གནས་འཁོད་རྒྱ་གར་གྱི་ས་གནས་ཁག་ཏུ་སྔོན་ཆད་ཚོད་དཀར་(པེ་ཚེ)་དང་ཇུག་ཚེ་སོགས་གདབ་སྲོལ་མེད་མོད། འོན་ཀྱང་བོད་པ་ཚོ་རྒྱ་གར་དུ་འབྱོར་བའི་རྗེས་སུ་ཚོད་དཀར་དང་ཇུག་ཚེ་བཏབ་ནས་རྒྱ་གར་བ་ཚོར་བསླབས། ད་ལྟ་བོད་པ་གནས་ཡུལ་གྱི་རྒྱ་གར་བ་ཚོས་ཚོད་དཀར་དང་ཇུག་ཚེ་བཏབ་ནས་ཚོང་ལས་གཉེར། རྒྱ་གར་བ་ཚོས་སྔོ་ཚོད་དེ་དག་ལ་བོད་པ་ཚོས་ཚོད་དཀར་དང་ཇུག་ཚེ་ཟེར་གྱི་ཡོད་པ་ལྟར་མིང་འབོད་བྱེད་ཀྱི་ཡོད་ཅིང་། བལ་པོའི་ཟ་ཁང་ཁག་ཏུ་ཐུག་པ་དང་མོག་མོག ཊིང་མོ་(གོ་རེ་རླངས་བཙོས)དང་ཕིན་ཤ། ཤ་བག་ལེབ་སོགས་འཚོང་གི་ཡོད་པ་དེར་བལ་པོའི་མོག་མོག་དང་ཐུག་པ་ཞེས་མིང་བཏགས་པའམ། ཡང་ན་ཧི་མ་ལ་ཡའི་མོག་མོག་དང་ཐུག་པ། ཧི་མ་ལ་ཡའི་ཤ་བག་ལེབ་དང་ཊིང་མོ་ཞེས་མིང་བཏགས་ནས་བོད་ཟས་དང་བོད་པའི་མོག་མོག བོད་པའི་ཐུག་པ་དང་ཤ་བག་ལེབ་ཅེས་མིང་འབོད་བྱ་རྒྱུ་མཚམས་ཆད། ཐ་ན་ལོ་རབས་༩༠་པའི་ནང་དུ་མདོ་སྨད་པའི་གསར་འབྱོར་བ་ཁག་ཅིག་གིས་བཞུགས་སྒར་རྡ་རམ་ས་ལར་འཚོང་འགོ་ཚུགས་པའི་རཱང་ཕི་(ལ་ཕིན་སེར་པོ)་ཡང་རིམ་བཞིན་བལ་པོ་དང་རྒྱ་གར་བ་ཚོས་བཟོས་ནས་ཐུན་མོང་གི་ཟས་རིགས་ཤིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

འབྲེལ་ཡོད།

XS
SM
MD
LG