ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༡/༢༠

ཀོང་པོའི་ལོ་སར་དགའ་སྟོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཟླ་༡༠་པའི་ཚེས་༡་ཉིན་ནི་ལོ་ལྟར་བོད་དབུས་ཕྱོགས་ཀྱི་ཀོང་པོ་བའི་ཐུན་མོང་མ་ཡིན་པའི་ལོ་སར་ཡིན་པ་ལྟར་འདི་ག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཀྱི་གྲོང་སྡེ་ལྔ་པ་དང་དྲུག་པ།   གསུམ་པ་བཅས་སུ་ཁྱོན་བསྡོམས་ཀོང་པོ་བའི་ཁྱིམ་ཚང་བརྒྱ་ལྷག་ཡོད་རྣམས་ལོ་འདིར་བསྐྱར་དུ་མཉམ་འཛོམས་ཀྱིས་ཀོང་པོའི་ལོ་སར་ལ་དགའ་སྟོན་བྱེད་བཞིན

༄༅།། བོད་ཟླ་༡༠་པའི་ཚེས་༡་ཉིན་ནི་ལོ་ལྟར་བོད་དབུས་ཕྱོགས་ཀྱི་ཀོང་པོ་བའི་ཐུན་མོང་མ་ཡིན་པའི་ལོ་སར་ཡིན་པ་ལྟར་འདི་ག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཀྱི་གྲོང་སྡེ་ལྔ་པ་དང་དྲུག་པ། གསུམ་པ་བཅས་སུ་ཁྱོན་བསྡོམས་ཀོང་པོ་བའི་ཁྱིམ་ཚང་བརྒྱ་ལྷག་ཡོད་རྣམས་ལོ་འདིར་བསྐྱར་དུ་མཉམ་འཛོམས་ཀྱིས་ཀོང་པོའི་ལོ་སར་ལ་དགའ་སྟོན་བྱེད་བཞིན་ཡོད་ཅིང་། ལོ་གསར་པའི་སྐབས་འདིར་བཀྲ་ཤིས་པའི་རྟེན་འབྲེལ་གྱི་མཚོན་བྱེད་གྲོ་སོ་ཕྱེ་མར་དང་སྡེར་ཁ་བཤམས་ཡོད་པར་མ་ཟད་། རྒན་རབས་པ་རྣམས་ཀྱིས་ཀོང་པོའི་དམངས་གཞས་ལེན་པ་དང་མདའ་རྩེད་འགྲན་སྡུར་སོགས་རྩེད་རིགས་འདྲ་མིན་བརྩེས་ནས་ལོ་སར་ལ་སྲུང་བརྩི་ཞུ་བཞིན་འདུག ཀོང་པོའི་ལོ་སར་ཐུན་མོང་མ་ཡིན་པ་ཞིག་ལ་ཇི་ལྟར་གྱུར་མིན་ཐད་སྦེལ་ཀོབ་གཞིས་གྲོང་ལུགས་བསམ་གྲོང་སྡེ་༦་པའི་དགུང་ལོ་༨༧་ལ་ཕེབས་པ་བགྲེས་སོང་ཀོང་པོ་ཉི་ཁྲི་དབང་རྒྱལ་ལགས་སུ་བཅར་འདྲི་ཞུས།། ཁོང་གིས་ཀོང་པོའི་ལོ་སར་ནི་བཤད་རྒྱུན་ཞིག་ལ་སྔོན་ཆད་ཀོང་པོ་ས་ཁུལ་ཡང་བོད་གྱི་ས་ཁུལ་གཞན་དང་འདྲ་བར་བོད་ལུགས་ཀྱི་ཟླ་བ་དང་པོའི་ཚེས་༡་ཉིན་ལོ་སར་གྱི་ཡོད་ཚོད་འདུག འོན་ཀྱང་དུས་རབས་བདུན་པའི་བོད་རྒྱལ་བཙན་པོའི་དུས་སུ་ལོ་ཞིག་གི་སྟོན་དུས་ཤིག་ལ་ཀོང་པོ་ས་ཁུལ་ལ་བྱང་ཕྱོགས་ཧོར་སོག་གི་དམག་གིས་ཚུར་རྒོལ་བྱས་པ་ན་ཀོང་པོ་ཨ་རྒྱལ་རྒྱལ་པོས་འཕྲལ་དུ་སྐྱེས་པ་རྣམས་དམག་ཏུ་བསྡུས་ནས་དམག་འཐབ་དུ་བསྐྱོད་མགོ་བརྩམ་ཚེ། རྒྱལ་པོས་དམག་དཔོན་དང་འཐབ་འཛིང་བ་རྣམས་ཀྱི་སེམས་གསོ་ཆེད་དུ་ལོ་སར་སྔོན་ལ་གཏོང་རྒྱུ་བཀའ་ཕབ་ནས་འཐབ་མོ་བ་རྣམས་ལ་ཟས་རིགས་ཅི་དགར་ལོངས་སུ་སྤྱོད་དུ་བཅུག ད་གཟོད་ལམ་ལ་ཆས་སུ་བཅུག་པ་དང་མཐའ་མར་བསམ་དོན་དེ་གྲུབ་པའི་དམག་དཔོན་རྣམས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་སྟོབས་རྩལ་ཅི་ཡོད་བཏོན་ནས་དགྲ་ཕྱོགས་ཕམ་པར་བརྒྱབ་སྟེ་རྒྱལ་ཁ་བླངས། དུས་དེ་ནས་བཟུང་སྟེ་ཀོང་པོ་བ་རྣམས་ཀྱིས་ལོ་སར་དེ་བོད་ལུགས་ཀྱི་ཟླ་བ་༡༠་པའི་ནང་དུ་གཏོང་སྲོལ་ཆགས་པ་རེད་ཅེས་བཤད་བྱུང་།། ཀོང་པོའི་ལོ་སར་རལ་སྟངས་ནི་བོད་ཟླ་༡༠་པའི་ཚེས་༡་ཉིན་ཁྱི་ལ་མར་དང་ཤ་སྤགས་སོགས་སྟེར། ཁྱིས་སྔོན་ལ་གང་བཟོས་ན་ལོ་རྗེས་མར་ཐོན་སྐྱེད་དེ་ཡག་པོ་འབྱུང་རྒྱུ་ཡིན་པར་རྩི། ཚེས་༣༠་ཉིན་གྱི་གནམ་གང་ལ་“སྐྱིད་བརྡ”ཞེས་གཡོས་སྦྱོར་ཞིག་ཡོད་པ་དེ་བག་ལེབ་ལ་བྱུག་ནས་ཟ་ཞིང་། ད་དུང་ཉིན་མོར་སྐྱེས་པ་རྣམས་རྟ་རྒྱུག་མདའ་འཕེན་དང་བི་ཤུ། སྦེ་ག ཤེད་རྡོ། གྲིའི་རྣོ་ཆོད་སོགས་འགྲན་སྡུར་སྣ་ཚོགས་བྱེད་པ་དང་བུད་མེད་ཁག་ཅིག་གིས་རྟ་རྒྱུག་མདའ་འཕེན་སོགས་ཀྱི་བྱེད་སྒོར་རྟེན་འབྲེལ་ཞུ་བའི་མཆོད་ཆང་འགྱོག་པ་དང་གླུ་གཞས་ལེན་པ། ཁ་བཏགས་སྒྲོན་པ་སོགས་བྱེད་སྒོའི་ཞབས་ཞུ་བསྒྲུབ་དགོས་ཤིང་། བུད་མེད་བྱིངས་རྣམས་མཉམ་འཛོམས་ཀྱིས་རྩེད་འཇོར་རོལ། མཚན་མོར་མེ་སྒོང་བརྒྱབ་སྟེ་བྲོ་འཁྲབ་སྲོལ་ཡོད་པ་དང་བྲོ་འཁྲབ་སར་མདོང་མོའམ། ཡང་ན་ཟངས་སོགས་ཆང་སྣོད་ཆེན་པོ་བཞག་སྟེ་བྲོ་འཁྲབ་པར་ཡོང་མཁན་མི་རེ་རེ་བཞིན་ནས་ཆང་ཤུག་ཁྲ་གང་རེ་ཁྱེར་ཡོང་ནས་དེར་བླུགས། ཡང་མི་རེ་རེ་བཞིན་ཤིང་ཁྲེས་པ་རེ་རེ་ཁྱེར་ཡོང་ནས་བྲོ་འཁྲབ་པའི་རིང་དུ་མེ་སྒོང་རྒྱག་སྲོལ་ཡོད་ཅིང་། བྲོ་པ་གང་འཚམ་འཛོམས་པའི་རྗེས་སུ་མེ་སྒོང་ལ་མཐར་བསྐོར་ནས་བྲོ་འཁྲབ་བཞིན་ཆང་འཐུང་། ས་རུབ་པ་ནས་བྲོ་འཁྲབ་མགོ་བརྩམས་ཏེ་མཚན་གུང་གི་ནམ་ཕྱེད་ཙམ་དུ་བསྡད། སྐབས་འགར་ཕྱི་ཉིན་ནམ་མ་ལངས་བར་དུ་འདུག་སྲིད། ཐ་ན་ཉིན་མཚན་ཁ་ཤས་སྦྲེལ་ནས་འཁྲབ་སྲོལ་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ལེ་ཚན།

ལེ་ཚན་ཁག
XS
SM
MD
LG