ཛི་ལནྶ་ཀིས་དམག་འཐབ་ཀྱི་རྒྱལ་ཁའི་ལས་འཆར་གསལ་བསྒྲགས།

ཛི་ལནྶ་ཀིས་དམག་འཐབ་ཀྱི་རྒྱལ་ཁའི་ལས་འཆར་གསལ་བསྒྲགས།

རེས་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛི་ལནྶ་ཀིས་དམག་འཐབ་ཀྱི་རྒྱལ་ཁའི་ལས་འཆར་གསལ་བསྒྲགས་གནང་བའི་ནང་ནུབ་ཕྱོགས་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཨུ་རུ་སུ་དང་གྲོས་མོལ་བྱེད་དགོས་པར་ནན་བསྐུལ་བྱེད་སྐོར་གསལ་འདུག་པ་དང་། དེ་ནི་ཡུ་ཀེ་རན་གྱི་སྲིད་འཛིན་གྱིས་ཐེངས་དང་པོར་ཨུ་རུ་སུ་དང་གྲོས་མོལ་བྱ་རྒྱུའི་རྣམ་འགྱུར་བསྟན་པ་ཞིག་ཡིན་པ་རེད། རེས་གཟའ་ལྷག་པའི་ཉིན་ཡུཀ་རན་གྱི་གྲོས་ཚོགས་ལ་དམག་འཐབ་ནས་རྒྱལ་ཁ་ཐོབ་རྗེས་ཀྱི་ལས་འཆར་གསལ་བསྒྲགས་བྱས་པའི་ནང་ཨུ་རུ་སུ་དང་གྲོས་མོལ་བྱ་རྒྱུ་དེ་འདོད་ཕྱོགས་བཟང་པོ་ཞིག་མིན་ནའང། དེ་ནི་མཐར་ཐུག་ཡུ་ཀེ་རན་ལ་ཞི་བདེའི་ལམ་ཀ་གཏོད་ཐབས་ཞིག་རེད་ཅེས་གསུངས་འདུག

སྲིད་འཛིན་ཛི་ལནྶ་ཀིས་གྲོས་ཚོགས་འཐུས་མི་ཚོར་གསུངས་དོན་ལ་ མཐུན་ཕྱོགས་རྒྱལ་ཁབ་ཚོས་ཡོངས་བསྒྲགས་མིན་པར་ཡུ་ཀེ་རན་དང་གྲོས་བསྡུར་བྱས་པའི་ནང་ཨུ་རུ་སུ་དང་གྲོས་མོལ་བྱེད་དགོས་པའི་གླེང་སློང་ཡོང་གི་འདུག་པ་དང་། དྲང་བདེན་ཞེས་པའི་ཐ་སྙད་བེད་སྤྱོད་ཉུང་བ་འདུག་ཅེས་གསུངས་འདུག

ཛི་ལནྶ་ཀིས་གྲོས་ཚོགས་འཐུས་མི་ཚོར་ འཁྱགས་རོམ་གྱི་དམག་འཐབ་ལ་འགྱུར་རྒྱུར་ཡུ་ཀེ་རན་ལ་འདོད་པ་མེད་ཅིང་། ཡང་ཡུ་ཀེ་རན་གྱི་མངའ་དབང་ཕར་སྤྲོད་བྱ་རྒྱུའི་འདོད་པའང་མེད་ཅེས་གསུངས་པ་དེར་གྲོས་ཚོགས་ཀྱི་འཐུས་མི་ཚོས་དགའ་བསུའི་ལག་པ་བརྡབ་འདུག ཧ་ཅང་གསང་རྒྱ་ཆེན་པོས་གྲ་སྒྲིག་བྱས་པའི་དམག་འཐབ་ཀྱི་རྒྱལ་ཁའི་རྗེས་ཀྱི་ལས་འཆར་དེ་གཟའ་འཁོར་ཁ་ཤས་གོང་ཨ་རིའི་སྲིད་འཛིན་བྷའི་ཌན་གཙོས་མཐུན་ཕྱོགས་རྒྱལ་ཁབ་ཚོར་སྤྲད་འདུག་པ་དང་། དེའི་ནང་མ་འོངས་པར་ཨུ་རུ་སུ་དང་གྲོས་མོལ་བྱ་རྒྱུའི་གནས་སྟངས་བྱུང་ན་ཡུ་ཀེ་རན་གྱིས་ནུས་པ་ལྡན་པའི་གྲོས་མོལ་བྱ་རྒྱུའི་ལམ་ཁ་བཙལ་ཡོད་པ་རེད།

སྲིད་འཛིན་ཛྀ་ལནྶ་ཀིས་ཉེ་ཆར་བྱང་ཀོ་རི་ཡས་ཨུ་རུ་སུའི་རྒྱབ་གཉེར་ལ་དམག་མི་བཏང་བ་མ་ཟད། གོ་ལག་ཀྱང་བཏང་འདུག་པ་དང་། དེ་བཞིན་ཨི་རན་དང་རྒྱ་ནག་གཉིས་ཀྱིས་ཀྱང་ཨུ་རུ་སུ་ལ་རྒྱབ་གཉེར་བྱེད་ཀྱི་ཡོད་སྐོར་བསྐྱར་བཤད་གནང་འདུག

Ukraine's President Zelenskiy addresses lawmakers during a parliament session in Kyiv

སྲིད་འཛིན་ཛི་ལནྶ་ཀིའི་ཨུ་རུ་སུས་དཔུང་འཇུག་ནས་རྒྱལ་ཁ་ཐོབ་རྒྱུའི་འཆར་གཞི་དེས་དུས་སང་ཡུ་ཀེ་རན་ལ་ཞི་བདེ་ཡོང་གི་རེད་ཅེས་གསུངས་འདུག་པ་དང་། ལས་འཆར་དེའི་ནང་ཡུ་རོབ་ཀྱི་གནད་ཡོད་མཐུན་ཕྱོགས་རྒྱལ་ཁབ་ཚོས་དམག་འཐབ་མཇུག་མ་བསྒྲིལ་གོང་ཡུ་ཀེ་རན་བྱང་ཨཌ་ལན་ཌིག་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་ཁོངས་འཇུག་རྒྱུར་ད་བར་འདོད་པ་མི་བྱེད་མཁན་ཚོར་འབོད་བསྐུལ་ཡང་ཚུད་ཡོད་པ་རེད། ཁོང་གིས་གསུངས་དོན་ལ་ གལ་སྲིད་རྒྱལ་ཁའི་ལས་འཆར་གཞིར་བཟུང་མདུན་བསྐྱོད་བྱེད་ཐུབ་པ་ཡིན་ན་དུས་སང་ལོ་མཇུག་ཙམ་ལ་དམག་འཐབ་མཚམས་བྱེད་ཐུབ་ཀྱི་རེད་ཅེས་གསུངས་འདུག

ཡུ་ཀེ་རན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་རུས་ལན་ སི་ཏེ་ཕན་ཆུག་གིས་གསུངས་དོན་ལ་ སྲིད་འཛིན་གྱིས་བཏོན་པའི་ལས་འཆར་དེར་གྲོས་ཚོགས་ཀྱིས་ཁ་ཚ་དགོས་གཏུག་གི་ལས་དོན་བྱེད་དགོས་པར་ངོས་འཛིན་བྱ་རྒྱུ་ཡིན་ནའང་། བྱང་ཨཌ་ལན་ཌིག་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་ཁོངས་ཞུགས་རྒྱུ་དེ་ཆབ་སྲིད་ཀྱི་གནད་དོན་ཡིན་པར་བརྟེན་སྒྲིག་འཛུགས་དེའི་གནས་ཚད་དང་མཐུན་པའི་ཁྲིམས་ཡིག་མང་པོ་གཏན་འབེབས་བྱེད་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་འདུག

སྲིད་འཛིན་ཛི་ལནྶ་ཀིས་གཏམ་བཤད་དེ་གནང་སྐབས་ཡུ་ཀེ་རན་གྱི་གནས་སྟངས་བཟང་པོ་མེད་པ་དང་། ཡུ་ཀེ་རན་གྱི་དམག་མི་ཚོས་ཨུ་རུ་སུའི་དམག་དཔུང་གི་ནུས་པར་ཁ་གཏད་གཅོག་ཐུབ་ཀྱི་མེད་པ་དང་། ལྷག་པར་ཤར་ཕྱོགས་ཌོ་ནྶེ་ཏིག་ནང་ཡུ་ཀེ་རན་གྱི་དམག་མི་ཚོས་རྒྱབ་བཤིག་རྒྱག་དགོས་གྱུར་ཡོད་པ་རེད། ཨུ་རུ་སུའི་དམག་མིས་རིམ་པར་མདུན་བསྐྱོད་བྱེད་ཀྱི་ཡོད་པར་བརྟེན་ནུབ་ཕྱོགས་ཡུལ་གྲུ་ཚོས་ཡུ་ཀེ་རན་ལ་དམག་འཐབ་ཀྱི་རོགས་པ་གཞི་རྒྱ་ཆེ་ཙམ་བྱེད་དགོས་པ་ཡུ་ཀེ་རན་གྱིས་དགོས་གལ་མཐོང་གི་ཡོད་པ་རེད།

འོན་ཀྱང་དཀྱིལ་ཤར་ཡུལ་གྲུའི་དམག་འཐབ་ལ་དམིགས་ཚད་བཟུང་རྒྱུ་དང་རྒྱལ་ནང་གི་ཆབ་སྲིད་གནད་དོན་བཅས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡུ་ཀེ་རན་ལ་རོགས་རམ་བྱ་རྒྱུ་ཉུང་དུ་འགྲོ་སྲིད་པ་དང་། ཟླ་བ་རྗེས་མར་ཨ་རིའི་ནང་སྲིད་འཛིན་འོས་བསྡུ་བྱེད་ཀྱི་ཡོད་པ་དེས་ཡུ་ཀེ་རན་ལ་རོགས་རམ་ཐོག་འགྱུར་བ་ཤུགས་ཆེ་ཡོང་སྲིད་པ་རེད། ཨ་རི་ནི་ཡུ་ཀེ་རན་ལ་རོགས་རམ་བྱེད་མཁན་གཙོ་བོ་དེ་ཡིན་པ་རེད།