༄༅།། རྒྱ་ནག་གི་ན་གཞོན་ཚོ་རྒན་རྒོན་མང་བའི་གྲོང་ཁྱེར་ཁག་ནས་ས་གནས་གཞན་དུ་སྤོར་གྱི་ཡོད་པ་དང་མིའི་སྐྱེས་གྲངས་འཕེལ་རྒྱས་མ་བྱུང་། ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཝོལ་སི་ཊི་རི་ཊི་འཇར་ནལ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་བྱང་ཕྱོགས་སུ་ཆགས་པའི་ལེའོ་ཉིང་ཞིང་ཆེན་གྱི་ཧྥུ་ཧྲུན་(Fushun)་གྲོང་ཁྱེར་གྱི་མི་འབོར་གསུམ་ཆའི་གཅིག་ལོ་༦༠་འམ། ཡང་ན་༦༠་ཡན་ཆད་དུ་སོན་པ་ཤ་སྟག་ཡིན་ཞིང་། སྔོན་ཆད་ཧྥུ་ཧྲུན་གྲོང་ཁྱེར་གྱིས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ། ད་ལྟ་གྲོང་ཁྱེར་དེ་ཉམས་རྒུད་ཕྱིན་ཏེ་རྒན་རྒོན་གྱིས་ཁེངས་ཡོད་པ་དང་གྲོང་ཁྱེར་དེས་རྒྱ་ནག་གི་འབྱུང་འགྱུར་མཚོན་ཐུབ། གྲོང་ཁྱེར་དེའི་མཐའ་འདེབས་སུ་ཆགས་པའི་རྡོ་སོལ་གྱི་གཏེར་ཁ་དང་རྡོ་སྣུམ་དྭངས་སེལ་གྱི་ལས་གྲྭ་ཁག་སྒོ་བརྒྱབ་སྟེ་ན་གཞོན་མི་འབོར་ཕྱེད་ཀ་ཙམ་ས་གནས་གཞན་དུ་སྤོར། གྲོང་ཁྱེར་སྲིད་གཞུང་གིས་རྒན་རྒོན་ཚོར་རྒས་ཕོགས་སྤྲོད་མ་ཐུབ་པར་དཀའ་ངལ་འཕྲད།།
རྒྱ་ནག་གི་ཧྥུ་ཧྲུན་གྲོང་ཁྱེར་དང་ཨ་རིའི་མཱི་ཆི་གྷན་མངའ་སྡེའི་ཝེ་ནེ་རྫོང་གི་ཌི་ཊི་རོ་ཡེ་ཊི་གྲོང་ཁྱེར་གཉིས་གཤིབ་སྡུར་བྱེད་སྲོལ་ཡོད་ཅིང་། སྔ་ལོ་མི་འབོར་ས་ཡ་༡་དང་འབུམ་༧་ཡོད་པའི་རྒྱ་ནག་གི་ཧྥུ་ཧྲུན་གྲོང་ཁྱེར་དུ་ཕྲུ་གུ་༥༥༤༡་སྐྱེས། ཨ་རིའི་ཝེ་ནེ་རྫོང་དུ་ཕྲུ་གུ་༢༠༠༠༠་སྐྱེས་འདུག་ཅེས་འབྲེལ་ཡོད་ས་གནས་གཞུང་གི་གཞི་གྲངས་སུ་འཁོད། ཧྥུ་ཧྲུན་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཁག་གི་སྟེང་དུ་དུར་ས་འཚོང་རྒྱུ་ཡོད་ཅེས་ཚོང་བསྒྲགས་སྦྱར། གླ་འཁོར་ཁག་གི་སྟེང་དུའང་སོ་ཚབ་གཅིག་བཙུགས་ན་ཨ་སྒོར་༢༠༠་ཡིན། སོ་ཆ་ཚང་གི་ཕྱེད་ཀ་བཙུགས་ན་ཨ་སྒོར་༡༦༨༠་ཡིན་ཞེས་རྒན་རྒོན་ཚོར་མཁོ་བའི་ཚོང་བསྒྲགས་འབའ་ཞིག་སྦྱར། སྤྱི་སྤྱོད་རླངས་འཁོར་ནང་དུ་ཕྲུ་གུ་ལས་རྒན་རྒོན་མང་བ་དང་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་ཁང་སྟོང་རྣམས་སྟར་ཕྲེང་བསྒྲིགས། སྔོན་ཆད་གཏེར་རྐོ་བའི་བུ་ཕྲུག་ཚོར་བཙུགས་པའི་སྔོན་འགྲོའི་སློབ་གྲྭ་དེ་རྒན་སོ་ཁང་དུ་བསྒྱུར། ད་ནས་ལོ་བཅུ་ཕྲག་གཅིག་གི་རྗེས་སུ་རྒྱ་ནག་ཧྲིལ་པོ་ཧྥུ་ཧྲུན་གྲོང་ཁྱེར་དང་གཉིས་སུ་མེད་པར་འགྱུར་རྒྱུའི་རྣམ་པ་ཞིག་མངོན།།
༢༠༢༢་ནས་རྒྱ་ནག་གི་མི་འབོར་ཉམས་འགོ་ཚུགས། འདས་པའི་ལོ་ཤས་རིང་བསྟུད་མར་རྒྱ་ནག་གི་མི་འབྱོར་འཕེལ་རྒྱས་འགྲོ་རྒྱུ་མཚམས་ཆད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༢༠༣༥་ཡས་མས་སུ་ཧྥུ་ཧྲུན་གྲོང་ཁྱེར་ལྟར་རྒྱ་ནག་རྒྱལ་ཡོངས་ཀྱི་མི་འབོར་གསུམ་ཆའི་གཅིག་ལོ་༦༠་ཡན་ཆད་དུ་སླེབས་ས་རེད་ཅེས་ཚོད་དཔག་བྱས་འདུག རྒྱ་ནག་པ་ཚོས་འབྲུག་གི་ལོ་འདི་རྟེན་འབྲེལ་བཟང་པོ་དང་གཉེན་སྒྲིག་བྱས་ནས་མི་འབོར་འཕེལ་རྒྱུའི་རེ་ལྟོས་བཅངས་ཀྱང་༢༠༢༤་ལོར་རྒྱ་ནག་ཏུ་ཕྲུ་གུའི་སྐྱེས་གྲངས་ས་ཡ་༨་ཀྱང་མ་ལོངས། གལ་ཏེ་ལོ་འདིར་རྒྱ་ནག་གི་ཕྲུ་གུའི་སྐྱེས་གྲངས་ས་ཡ་༨་ལོངས་ཀྱང་༢༠༡༥་ལོའི་ཕྲུ་གུའི་སྐྱེས་གྲངས་ཀྱི་ཕྱེད་ཀ་ཡང་མི་ཟིན། ཕྱི་ལོ་༢༠༠༠་ནས་ད་ལྟའི་བར་དུ་ཧྥུ་ཧྲུན་གྲོང་ཁྱེར་གྱི་མི་འབོར་ལྔ་ཆའི་གཅིག་ལྷག་ཉུང་དུ་སོང་། རྒྱ་ནག་གཞུང་གིས་ཧྥུ་ཧྲུན་གྲོང་ཁྱེར་དུ་གཏེར་སྒོ་ཕྱེ་བ་དང་སྐྱེ་སྒོ་བཀག་ནས་གྲུབ་འབྲས་གང་ལེགས་སྨིན། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་དང་མི་འབོར་ཉམས་རྒུད་འབྱུང་བཞིན་པའི་སྐབས་འདིར་ཧྥུ་ཧྲུན་གྲོང་ཁྱེར་ལའང་ཉམས་ཉེས་ཕོག
རྒྱ་ནག་གི་སྒོ་འབྱེད་འགྱུར་བཅོས་ཀྱི་སྲིད་ཇུས་ལག་ལེན་བསྟར་པའི་རྗེས་སུ་ཧྥུ་ཧྲུན་ནི་བཟོ་ལས་ཆེ་ཁག་གྲོང་ཁྱེར་བཅུའི་གྲས་སུ་ཚུད་པ་དང་རྒྱལ་ཡོངས་ཀྱི་བཟོ་པ་རྣམས་གྲོང་ཁྱེར་དེར་འདུས། དུས་རབས་༢༠་ནང་དུ་ཉི་ཧོང་གིས་ཧྥུ་ཧྲུན་གྱི་རྡོ་སྣུམ་དང་རྡོ་སོལ་གྱི་གཏེར་སྒོ་ཕྱེ། རྒྱ་ནག་གི་བཟོ་ཚོང་ལས་ཡར་རྒྱས་ཕྱིན་པའི་སྐབས་སུ་ཧྥུ་ཧྲུན་རྒྱལ་ཡོངས་ཀྱི་རྡོ་སྣུམ་དང་རྡོ་སོལ་གྱི་གཏེར་མཛོད་དུ་གྱུར་ཡོད་པ་སྟེ། སྐབས་ཤིག་རྒྱ་ནག་གི་རྡོ་སྣུམ་བརྒྱ་ཆ་༥༠་དང་རྡོ་སོལ་གྱི་ཐོན་སྐྱེད་བཅུ་ཆའི་གཅིག་ཧྥུ་ཧྥུན་ནས་ཐོན། ལོ་རབས་༨༠་པའི་དཀྱིལ་དེར་ཧྥུ་ཧྲུན་གྱི་དཔལ་འབྱོར་རྒྱ་ནག་གི་ཞིང་ཆེན་འགའ་ཞིག་གི་རྒྱལ་སའི་དཔལ་འབྱོར་ཐོན་སྐྱེད་ལས་སྟོབས་ཤུགས་ཆེ། མའོ་ཙེ་ཏུང་གཙོས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོ་ཧྥུ་ཧྲུན་གྱི་ནུབ་གཏེར་ལས་གྲྭར་གཟིགས་ཞིབ་ཏུ་བསྐྱོད། ནུབ་གཏེར་གྱི་རྒྱ་ཁྱོན་དེ་དབྱིན་ལེ་༤་དང་ཟབ་ཚད་དབྱིན་ལེ་གཅིག་གི་བཞི་ཆའི་གཅིག་ཡོད་པས་ཨེ་ཤི་ཡའི་གཏེར་ཁ་ཆེ་ཤོས་སུ་གྱུར། རྒྱ་ནག་གཞུང་གིས་ཕྲུ་གུ་ཉུང་ན་འཕེལ་རྒྱས་འགྲོ་ཐུབ་ཅེས་སྐྱེ་སྒོ་བཀག་པ་དང་ཧྥུ་ཧྲུན་གྲོང་ཁྱེར་ལའང་སྲིད་ཇུས་དེ་གཅིག་མཚུངས་སུ་ལག་ལེན་བསྟར།།
༡༩༨༠་ནས་༢༠༡༠་བར་དུ་ལེའོ་ཉིང་ཞིང་ཆེན་གཞུང་གིས་ས་གནས་གཞན་དང་མ་འདྲ་བར་སྐྱེས་སྒོ་བཀག་སྟེ་དཔལ་འབྱོར་དང་བཟོ་ལས་འཕེལ་རྒྱས་བྱུང་ཞིང་། རྒྱ་གཞུང་གི་འབྲེལ་ཡོད་ལས་སྣེ་ཚོས་སྲིད་གཞུང་གིས་སྐྱེས་སྒོ་བཀག་མེད་ཚེ། ལེའོ་ཞིང་ཆེན་ལ་མི་གྲངས་ས་ཡ་༢༢་མང་བ་སྐྱེས་ཡོད་པའི་ཚོད་དཔག་བྱས་འདུག ཕྱི་ལོ་༢༠༠༠་ཡས་མས་ནས་རྒྱ་ནག་གིས་རྡོ་སོལ་གྱི་གཏེར་ཁ་དང་སྣུམ་གཏེར་ཁག་ཅིག་སྒོ་བརྒྱབ་སྟེ་བཟོ་པ་ཚོའི་ལས་ཀ་ཤོར། རྒྱ་ནག་གི་གཞུང་གཉེར་རྡོ་སྣུམ་བཟོ་ལས་ཁག་ལ་ཁེ་སང་མེད་པར་གྱོང་གུད་ཕོག དེ་ནས་ན་གཞོན་ཚོ་ས་གནས་གཞན་ལ་ལས་ཀ་འཚོལ་དུ་བསྐྱོད་དགོས་བྱུང་བས་རྒན་རྒོན་ཁོ་ན་ཤུལ་དུ་ལུས། ཧྥུ་ཧྲུན་ལ་ཅི་ཞིག་འབྱུང་གི་ཡོད་པ་དེ་རྒྱ་ནག་བྱང་ཕྱོགས་ཀྱི་ཞིང་ཆེན་ཡོངས་ལ་འབྱུང་སྲིད།།
ཉེ་ཆར་ཕྱི་ཟླ་༡༡་པའི་ཚེས་༢༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྒན་རྒོན་མང་པོར་བུ་ཕྲུག་གིས་ལྟ་སྐྱོང་བྱེད་མི་ཐུབ་པ་དང་རྒས་པའི་དུས་སུ་འཚོ་བར་དཀའ་འཕྲད་རྒྱུའི་འཇིགས་སྣང་སྐྲག་སྐྱེས། ན་ནིང་རྒྱ་ནག་ཏུ་ལོ་༦༠་ཡན་ཆད་སོན་པའི་མི་གྲངས་དུང་ཕྱུར་༣་མ་ལོངས་ཙམ་ཞིག་ཡོད་པ་དང་༢༠༣༥་མཚམས་སུ་ལོ་༦༠་ཡན་ཆད་སོན་པའི་མི་གྲངས་དུང་ཕྱུར་༤་ལ་སླེབས་རྒྱུའི་ཚོད་དཔག་བྱས་འདུག པེ་ཅིང་གི་མི་དམངས་སློབ་གྲྭ་ཆེན་མོའི་མི་འབོར་དང་འཕྲོད་བསྟེན་སློབ་གླིང་གི་འགན་འཛིན་ཏུ་ཕེང་(Du Peng)་གིས་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་ནང་དུ་རྒན་རྒོན་ཚོས་ཚ་བོ་ཚ་མོ་ཚོར་བལྟས། བུ་ཕྲུག་གིས་ཕ་མ་རྒན་རྒོན་རྣམས་སྙོར་སྐྱོང་བྱེད་པའི་ལམ་སྲོལ་ཞིག་དར་ཡོད་པར་འགྱུར་བ་ཐེབས་ཀྱི་འདུག རྒྱ་ནག་གཞུང་གིས་རྒན་རྒོན་བདག་མེད་ལྟ་རྟོག་བྱ་དགོས་པ་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བསྟན། རྒྱ་ནག་ལ་བུད་མེད་རྣམས་ལོ་༥༠་དང་སྐྱེས་པ་རྣམས་ལོ་༦༠་སྟེང་དུ་རྒས་ཡོལ་ལ་གཏོང་བའི་ལམ་སྲོལ་ཞིག་དར།།
ཚེ་གུའི་ཤ་ཟེར་བའི་རྒྱ་མོ་ལོ་༦༠་ལ་སོན་པ་ཞིག་གིས་ང་བདེ་ཐང་ཡོང་བའི་ཆེད་དུ་ཨ་ཧྥི་རི་ཀའི་རྔ་བརྡུང་རྒྱུ་དང་ཤོམ་སྟོན་པའི་སྦྱོང་བརྡར་འཛིན་གྲྭར་ཞུགས་ཡོད། ང་ནི་རྒན་གསོ་ཁང་ཞིག་ཏུ་བསྐྱལ་ན་འགྲོ་རྒྱུ་མིན། ངས་རང་ཁྱིམ་དུ་གཡོག་མི་ཞིག་གླས་ནས་འཆི་འདོད་ཡོད་ཅེས་ཚེ་མཇུག་གི་རེ་བ་གསར་འགོད་པར་བཤད། ལིའུ་ཤུག་ཆིན་(Liu Xiuqin)་ཞེས་པའི་རྒྱ་མོ་ཞིག་གིས་རྒྱ་སྒོར་འབུམ་༨་མ་རྩ་བཙུགས་ནས་པེ་ཅིང་དུ་རྒན་རྒོན་ཚོར་སློབ་གྲྭ་བཙུགས། ཁོ་མོས་ང་ལ་སློབ་ཕྲུག་༡༥༠་ཡོད། སློབ་ཕྲུག་ཚོར་གཞས་དང་ཞབས་བྲོ། ལུས་སྦྱོང་དང་ཤོམ་སྟོན་པའི་སློབ་ཚན་ཁྲིད་ནས་སྦྱོང་བརྡར་སྤྲོད་ཀྱི་ཡོད། སློབ་སྐབས་རེར་སློབ་ཡོན་རྒྱ་སྒོར་༡༠༠༠་རེ་ལེན་གྱི་ཡོད། འཛིན་གྲྭ་གྲོལ་བའི་རྗེས་སུ་རྒན་རྒོན་སློབ་ཕྲུག་རྣམས་མཉམ་དུ་འདུས་ནས་སྣང་བ་སྐྱིད་པོ་བྱེད་ཀྱི་འདུག་ཅེས་བཀྲལ།།
ཕྱི་ཟླ་༡༢་པའི་ཚེས་༡༡་ཉིན་དེང་རབས་ཕྱི་སྲིད་དུས་དེབ་ནང་དུ་རྒྱ་ནག་ལ་རྒན་རྒོན་མང་དྲགས་པ་དང་ཕྲུ་གུ་སྐྱེ་ཡི་མེད་པ་ནི་དཀའ་ངལ་ཚབས་ཆེན་རེད། ༢༠༢༣་གཅིག་པུར་རྒྱ་ནག་གི་སྔོན་འགྲོའི་སློབ་གྲྭ་སྟོང་ཕྲག་མང་པོ་སྒོ་བརྒྱབ་སྟེ་ཤེས་ཡོན་སློབ་གསོ་ལྷན་ཁག་གིས་སྔོན་འགྲོའི་སློབ་གྲྭ་༢༧༤༤༠༠་ཉུང་དུ་ཕྱིན་འདུག དེ་ནི་༢༠༢༢་དང་བསྡུར་ན་སྔོན་འགྲོའི་སློབ་གྲྭ་༡༤༨༠༠་སྒོ་བརྒྱབ་པ་མང་བ་བྱུང་འདུག སྔོན་འགྲོའི་སློབ་གྲྭ་ཁག་ཏུ་ཞུགས་པའི་སློབ་ཕྲུག་ཀྱང་ས་ཡ་༥.༣༥་ཉུང་དུ་ཕྱིན་འདུག སྔོན་འགྲོའི་སློབ་གྲྭ་ཁག་གི་གཏན་འཇགས་དགེ་རྒན་ས་ཡ་༣.༠༧་ཉུང་དུ་ཕྱིན་འདུག་ཅེས་གཞི་གྲངས་བཏོན། སྔ་ལོ་ཧུ་ནན་ཞིང་ཆེན་གཞུང་གིས་སྔོན་འགྲོའི་སློབ་གྲྭ་མང་དྲགས་པ་རྣམས་སྒོ་རྒྱོབས། སློབ་གྲྭ་དགོས་ངེས་ཡིན་པ་རྣམས་སྤུས་ཚད་ཡག་ཏུ་ཐོངས་ཞེས་བཀའ་ཕབ། ཧུ་ནན་ཞིང་ཆེན་གཞུང་གི་བཀའ་རྒྱ་དེ་རྒྱ་ནག་གི་ཞིང་ཆེན་ཁག་གི་གྲས་ཀྱི་འགྱུར་བཅོས་གཏོང་མཁན་ཨང་དང་པོ་ཡིན་པས་སྤྱི་སྒེར་གཉིས་ཀྱིས་དོ་སྣང་བྱ་དགོས་པ་ཞིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག