བོད་ལྗོངས་སློབ་ཆེན་གྱི་སློབ་ཕྲུག་ཀུན་བཟང་རྒྱལ་མཚན་གར་ཡོད་མི་ཤེས་པ།

Your browser doesn’t support HTML5

བོད་ལྗོངས་སློབ་ཆེན་གྱི་སློབ་ཕྲུག་ཀུན་བཟང་རྒྱལ་མཚན་གར་ཡོད་མི་ཤེས་པ།

༄༅།། ད་ལོའི་ལོ་ཕྱི་ཟླ་༦་པར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཚུགས་ཡོད་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཀུན་བཟང་རྒྱལ་མཚན་ཞེས་པ་ཞིག་ལྷ་སར་འཛིན་བཟུང་བྱས་ནས་ཟླ་བ་༦་ཙམ་འགྲོ་བཞིན་ཡོད་མོད། འོན་ཀྱང་ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་ཀུན་བཟང་རྒྱལ་མཚན་གང་དུ་ཁྲིད་ཡོད་པ་དང་ཁོ་པའི་གནས་སྟངས་ཅི་ཡིན་སོགས་གསལ་བཀྲོལ་མེད་པ། ཐ་ན་བོད་པའི་སློབ་ཕྲུག་དེ་འཆི་གསོན་ཅི་ཡིན་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་ཀུན་བཟང་རྒྱལ་མཚན་འཛིན་བཟུང་བྱེད་དགོས་དོན་ནི་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་དཔེ་དེབ་ཅིག་བརྩམས་པའི་སྟབས་ཀྱིས་འཛིན་བཟུང་བྱས་པ་རེད་ཟེར་གྱི་འདུག་ཀྱང་དཔེ་དེབ་དེ་ཆབ་སྲིད་ལ་འབྲེལ་བ་ཇི་ལྟར་ཡོད་པའམ། ཡང་ན་དཔེ་དེབ་དེར་ཆབ་སྲིད་ཀྱི་བརྗོད་བྱ་ཅི་ཞིག་འཁོད་ཡོད་མེད་སོགས་ཤེས་རྟོགས་བྱུང་མ་སོང་ཞེས་བཀྲལ། བོད་ལྗོངས་སློབ་ཆེན་གྱི་སློབ་ཕྲུག་ཀུན་བཟང་རྒྱལ་མཚན་གྱིས་ཕ་མ་སྤུན་མཆེད་སོགས་ཀྱིས་རྩད་གཅོད་རིམ་པར་བྱས་ཀྱང་ད་སྔ་བཙོན་ཁང་གང་དུ་ཡོད་མེད་སོགས་ཤེས་རྟོགས་བྱུང་མེད་པའི་སྟབས་ཀྱིས་སྤུན་མཆེད་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

ད་ལྟ་ཀུན་བཟང་རྒྱལ་མཚན་ནི་ལོ་ན་༢༥་ཡས་མས་སུ་སོན་ཡོད་པ་དང་ཕ་ཡུལ་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ། མང་ར་རྫོང་གི་མགོ་མང་གྲོང་རྡལ་གྱི་འབྲོག་རུ་སྡེ་བ་ནས་ཡིན་ཞིང་། ཆུང་དུས་འབྲོག་རུ་སྡེ་བའི་སློབ་ཆུང་དང་མགོ་མང་གྲོང་རྡལ་གྱི་ཆ་ཚང་སློབ་གྲྭར་ཞུགས། རིམ་གྱིས་དམའ་འབྲིང་དང་མཐོ་འབྲིང་གཉིས་ཐོན་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོར་ཞུགས་ཏེ་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་འཛིན་བཟུང་བྱས་འདུག ཁོང་གི་ཕ་མིང་ལ་གདུགས་དཀར་རྒྱལ་ཟེར་གྱི་འདུག

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན་བོད་ལྗོངས་སློབ་གྲྭ་ཆེན་མོ་ནི་ཐོག་མར་སྤྱི་ལོ༡༩༥༡་ལོར་བོད་ཡིག་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་ནས་འགོ་ཚུགས་ཡོད་པར་མ་ཟད། དེང་སྐབས་བོད་ལྗོངས་སློབ་ཆེན་ལ་ལྷ་སའི་སློབ་ཁུལ་དང་ཉིང་ཁྲིའི་སློབ་ཁུལ་བཅས་གཉིས་སུ་བཀར། ལྷ་སའི་སློབ་ཁུལ་ལ་སློབ་ཁུལ་གསར་པ་དང་སློབ་ཁུལ་རྙིང་པ། གསོ་རིག་སློབ་གླིང་གི་སློབ་ཁུལ་དང་ནོར་སྲིད་དཔལ་འབྱོར་སློབ་གླིང་གི་སློབ་ཁུལ་བཅས་སུ་བཀར། སློབ་ཆེན་དེའི་ཁྱབ་ཁོངས་སུ་རྩོམ་རིག་སློབ་གླིང་དང༌རྩིས་ཚན་སློབ་གླིང༌། བཟོ་རྩལ་སློབ་གླིང༌། སྲིད་ཁྲིམས་སློབ་གླིང་། གསོ་རིག་སློབ་གླིང༌། དཔལ་འབྱོར་དོ་དམ་སློབ་གླིང༌། ཡུལ་སྐོར་དང་ཕྱི་སྐད་སློབ་གླིང༌། སྒྱུ་རྩལ་སློབ་གླིང༌། དགེ་འོས་སློབ་གླིང༌། རྒྱུན་མཐུད་སློབ་གསོའི་སློབ་གླིང༌། ཀྲུང་དབྱང་གློག་འཕྲིན་སློབ་ཆེན་གྱི་བོད་ལྗོངས་སློབ་གླིང་བཅས་ཁྱོན་བསྡོམས་སློབ་གླིང་༡༤་དང་དགེ་ལས། བཟོ་པ་བཅས་མི་༡༡༡༩་ཡོད་པ་དང་སློབ་ཕྲུག་༢༨༠༠༠་ཡས་མས་ཤིག ཕྱི་ལོ་༢༠༢༠་ལོར་ས་གནས་ཁག་ནས་སློབ་ཕྲུག་གསར་པ་༣༢༠༦་བསྡུས། དེའི་ཁོངས་སུ་དངོས་གཞིའི་ཚན་ཁག་གི་སློབ་ཕྲུག་༢༥༣༦་ཡོད་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མ་༦༧༠་ཡོད་འདུག

༡༩༨༨་ལོའི་ཟླ་༡༢་ཚེས་༣༠་ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་དང་བོད་སྨན་ཚན་ཁག་གི་སློབ་ཕྲུག་ཡོངས་ཀྱིས་རྒྱ་ནག་གཞུང་གིས་ཁྲིམས་ཐོག་ཏུ་གཏན་ལ་ཕབ་ཟིན་པའི་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་ཁག་གཞུང་གིས་དོན་འཁྱོལ་ལག་ལེན་བསྟར་བྱ་དགོས་ཞེས་དགོས་འདུན་བཏོན་ནས་ལྷ་སའི་བར་སྐོར་དུ་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཤིང་། སྐབས་དེའི་ཞི་རྒོལ་ལ་རྒྱ་གཞུང་གིས་དྲག་གནོན་བྱེད་མཁན་རྒྱ་དམག་ཅིག་བོད་ལྗོངས་སློབ་ཆེན་གྱི་སློབ་ཕྲུག་བློ་བཟང་བསྟན་འཛིན་གྱིས་བསད་པ་རེད་ཅེས་ཉེས་མིང་བཏགས་ནས་འཛིན་བཟུང་བཙོན་འཇུག་དང་མནར་གཅོད་བཏང་ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།