༄༅། །ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་མཆོག་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་རྗེས། དམངས་གཙོ་ཚོགས་པའི་དོ་སྣང་བྱ་ཡུལ་དེ་རྒྱས་འཛོམས་ཚོགས་ཆེན་གྱི་ཕྱོགས་སུ་འཁོར་ཡོད་པ་དང་། བྷ་ཌན་གྱིས་འགྲན་རྩོད་ནས་ཕྱིར་འཐེན་བྱ་རྒྱུ་དེ་འགོར་འགྱངས་ཆེ་ཞིང་དུས་ལ་ཤིན་ཏུ་གཏུགས་ཡོད་པའི་དབང་གིས་མི་མང་པོས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་འོས་མི་ངེས་གཏན་མེད་པའི་རྒྱས་འཛོམས་ཚོགས་ཆེན་ཞིག་མཐོང་ཐུབ་པར་ཡིད་ཆེས་བྱས་ཡོད་ཀྱང་། དེ་ལས་ལྡོག་སྟེ་འཐུས་མི་རྣམས་ཀྱིས་མྱུར་བ་མྱུར་དུ་འཚབ་འཚུབ་ཀྱི་ངང་ནས་སྲིད་འཛིན་གཞོན་པ་ཀ་མ་ལཱ་ཧེ་རི་སིར་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་པ་རེད། འོས་མི་ངེས་གཏན་མེད་པའི་རྒྱས་འཛོམས་ཚོགས་ཆེན་ནི་ཨ་རིའི་སྔོན་བྱུང་ལོ་རྒྱུས་ཀྱི་དུས་ཡུན་ཕལ་ཆེ་བར་སྲིད་དོན་གྱི་སྒྲོམ་གཞི་གྲུབ་པའི་ཆ་ཤས་ཤིག་ཡིན་པའི་སྐོར་གྱི་ངོ་སྤྲོད་གཤམ་གསལ།
འོས་མི་གཏན་འཁེལ་མེད་པའི་ཚོགས་ཆེན་ཞེས་པ་ཅི་ཡིན་ནམ།
འོས་མི་གཏན་འཁེལ་མེད་པའི་ཚོགས་ཆེན་ཞེས་པ་ནི། ཆབ་སྲིད་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་རྒྱས་འཛོམས་ཚོགས་ཆེན་འགོ་ཚུགས་དུས། འོས་མི་གཏན་འཁེལ་བ་ཞིག་མེད་པའི་སྐབས་ལ་བྱ།
འོས་མི་གཏན་འཁེལ་མེད་པའི་སྐབས་དཀོན་པོ་ཡིན་ནམ།
དེང་སྐབས་འོས་མི་གཏན་འཁེལ་མེད་པའི་ཚོགས་ཆེན་དེ་ལྟོས་བཅས་ཀྱི་དཀོན་པོ་ཆགས་ཡོད་ནའང་། དེ་ནི་ཨ་རིའི་སྔོན་བྱུང་ལོ་རྒྱུས་ཀྱི་དུས་ཡུན་ཕལ་ཆེ་བར་ཆབ་སྲིད་ཚོགས་པ་ཁག་གིས་ཁོང་ཚོའི་སྲིད་འཛིན་འོས་མི་འདེམས་སྒྲུག་བྱེད་སྟངས་ཤིག་ཏུ་ངེས།
སྔོན་འགྲོའི་འོས་བསྡུས་རྒྱས་འཛོམས་ཚོགས་ཆེན་ལ་འགྱུར་བ་གཏོང་སྟངས།
དུས་རབས་༢༠ པའི་མགོ་སྟོད་དུ་སྔོན་འགྲོའི་འོས་བསྡུའི་ལམ་ལུགས་དར་འགོ་ཚུགས་ཤིང་། མངའ་སྡེ་ཁག་གིས་འོས་མི་མིང་འདོན་གྱི་འགྲན་བསྡུར་གཏན་འབེབས་བྱས་ཏེ། སྲིད་དོན་ཚོགས་པ་ཁག་གིས་འོས་མི་འདེམས་སྒྲུག་བྱེད་སྟངས་ལ་འགྱུར་བ་གཏོང་འགོ་ཚུགས། དེ་ལྟ་ནའང་། དུས་རབས་འདིའི་དུས་ཕྱེད་སྔ་མར། སྔོན་འགྲོའི་འོས་བསྡུའི་གལ་ཆེ་ལུགས་དེ་རྒྱས་འཛོམས་ཚོགས་ཆེན་དང་ཧ་ལམ་གཅིག་མཚུངས་ཡིན་ཞིང་། ཆབ་སྲིད་མི་སྣ་སྣེ་ཡོད་ཚོས་སྔོན་འགྲོའི་འོས་བསྡུ་བེད་སྤྱད་ནས་སུ་ཞིག་འོས་མི་ཆགས་ཐུབ་མིན་ཚོད་དཔག་ཐུབ་ཀྱི་ཡོད་ཀྱང་། མཐར་ཐུག་གི་འོས་འདེམས་གྲུབ་འབྲས་ཀྱི་ཐག་གཅོད་དེ་རྒྱས་འཛོམས་ཚོགས་ཆེན་གྱིས་བྱེད་དགོས་པ་ཞིག་ཡིན་པ་རེད།
སྤྱི་ལོ་༡༩༦༨ ལོར་འགྱུར་བ་ཅི་བྱུང་ཡོད་དམ།
ཆབ་སྲིད་ཚོགས་པའི་འཐུས་མིའི་རྒྱས་འཛོམས་ཚོགས་ཆེན་ལམ་ལུགས་ཀྱི་འགྱུར་བ་གལ་འགངས་ཆེ་ཤོས་དེ་ནི། ༡༩༦༨ ལོར་ཆི་གྷ་ཀོར་སྐོང་འཚོགས་བྱས་པའི་དམངས་གཙོ་ཚོགས་པའི་འཐུས་མིའི་རྒྱས་འཛོམས་ཚོགས་ཆེན་ཀྱི་སྐབས་སུ་བྱུང་ཡོད་པ་དང་། སྐབས་དེར་ཁ་གཏད་འོས་མི་ཡུ་ཇིན་མེ་ཁར་ཐེར་ལགས་སུ་སྔོན་འགྲོའི་འོས་བསྡུའི་ནང་འོས་གྲངས་མང་བ་ཐོབ་ཡོད་ཀྱང་། རྒྱས་འཛོམས་ཚོགས་ཆེན་གྱི་སྣེ་ཡོད་ཚོས་ཧུ་བྷར་ཊི་ཧུམ་ཧྥུ་རེ་འོས་མིར་ངེས་གཏན་བྱས་ཡོད་པ་རེད། ཐག་གཅོད་དེས་རྒྱས་འཛོམས་ཚོགས་ཆེན་སྐོང་འཚོགས་བྱ་ཡུལ་གྱི་ཕྱི་ལོགས་སུ་ངོ་རྒོལ་དང་འཚེ་བའི་དོན་རྐྱེན་བྱུང་བཅུག་ཡོད་པ་དང་། ཚོགས་ཐོག་ཏུའང་སྲིད་དོན་གྱི་ཟིང་ཆ་ཇི་སྙེད་ཅིག་བྱུང་ཡོད་པ་རེད། དེའི་རྗེས་ཀྱི་ལོ་ངོ་འགའ་ཤས་རིང་ལ། སྲིད་དོན་ཚོགས་པ་གཉིས་ཀས་བཅོས་བསྒྱུར་རིམ་པར་བཏང་སྟེ། རྒྱས་འཛོམས་ཚོགས་ཆེན་གྱི་འཐུས་མི་མང་ཆེ་བར་སྔོན་འགྲོའི་འོས་བསྡུའི་མཇུག་འབྲས་ཀྱིས་ཚོད་འཛིན་ཡོད་པ་ཁག་ཐེག་བྱས་འདུག།
སྤྱི་ལོ་༢༠༡༦ ལོའི་འོས་བསྡུ་ཆེན་མོའི་རྗེས་སུ་འགྱུར་བ་ཅི་ཞིག་བྱུང་ཡོད་དམ།
༢༠༡༦ ལོའི་འོས་བསྡུའི་རྗེས་སུ། རིམ་འདས་འཐུས་མིར་འབོད་པའི་སྲིད་དོན་ཚོགས་པ་ནང་ཁུལ་གྱི་སྣེ་ཡོད་འགོ་ཁྲིད་ཚོས་སྔ་ས་ནས་ཧི་ལ་རེ་ཁུ་ལིན་ཏོན་ལ་རྒྱབ་སྐྱོར་ཡོད་པ་གསལ་བསྒྲགས་བྱས་རྐྱེན། མི་ཚོར་སྐབས་དེའི་འོས་མི་གཞན་ཞིག་སྟེ། བྷར་ཎི་སངས་ཌི་སིར་དྲང་པོ་མ་བྱུང་བ་དང་། ཁོང་ཚོས་འོས་མིའི་མིང་དོན་གྱི་བརྒྱུད་རིམ་ལ་ཤུགས་རྐྱེན་གཏོང་ཐབས་བྱས་ཡོད་པའི་མཐོང་ཚུལ་བྱུང་ཡོད་པར་བརྟེན། དམངས་གཙོ་ཚོགས་པས་སྔར་ལས་ལྷག་པར་སྒྲིག་གཞིར་འགྱུར་བ་བཏང་ཡོད་པ་རེད། ༢༠༢༠ ལོའི་འོས་བསྡུ་འགོ་བཙུགས་པ་དང་བསྟུན་ནས། འགྲན་བསྡུར་གྱི་མཇུག་འབྲས་ཐེ་ཚོམ་མི་དགོས་པ་ཆགས་ཟིན་ན་མ་གཏོགས། རིམ་འདས་འཐུས་མི་རྣམས་ཀྱིས་རྒྱས་འཛོམས་ཚོགས་ཆེན་གྱི་འོས་ཤོག་བླུག་ཐེངས་དང་པོའི་ནང་ལ་འོས་ཤོག་འཕེན་ཆོག་གི་མེད་པ་རེད། ༼ རིམ་འདས་འཐུས་མི་ཞེས་པ་ནི། དམངས་གཙོ་ཚོགས་པའི་ཁོངས་ཀྱི་འཐུས་མི་དམིགས་བསལ་བ་ཞིག་ལ་ཟེར། ཁོང་ཚོ་ནི་སྣེ་ཡོད་འགོ་ཁྲིད་དང་། ལས་བྱེད་ལས་ཐོག། ལས་ཀྱི་སྣེ་མོ་བ་ཤ་སྟག་ཡིན་དགོས། དེ་རྣམས་འཐུས་མི་བྱིངས་དང་མི་འདྲ་བར་སྔོན་འགྲོའི་འོས་བསྡུ་ཡིས་སྟངས་འཛིན་མེད་ཅིང་། འོས་མི་སུའང་རྒྱབ་སྐྱོར་བྱེད་པའི་རང་དབང་ཡོད་པ་ཅན་ཞིག་ཡིན། ༽
རྩ་ཁྲིམས་ལས་ཆབ་སྲིད་ཚོཊ་པའི་རྒྱས་འཛོམས་ཚོཊ་ཆེན་སྐོར་ཅི་ཞིག་གཏན་འབེབས་བྱས་ཡོད་དམ།
ཨ་རིའི་རྩ་ཁྲིམས་སུ་སྲིད་དོན་ཚོགས་པ་དང་དེའི་འོས་མི་འདེམས་སྒྲུག་བྱེད་སྟངས་སྐོར་ཅི་ཡང་འཁོད་མེད་ཀྱང་། ཆེས་མཐོའི་ཁྲིམས་ཁང་གིས་ཆབ་སྲིད་ཚོགས་པར་རྩ་ཁྲིམས་བསྐྱར་བཅོས་ཐེངས་དང་པོའི་འདུ་འཛོམས་རང་དབང་གི་དགོངས་དོན་གྱིས་ཁྱབ་པར་ངོས་ལེན་བྱས་ཤིང་། ལོ་ངོ་མང་པོའི་རིང་ལ་ཆབ་སྲིད་ཚོགས་པ་ཚོར་ཇི་ལྟར་བྱེད་ཆོག་མིན་གྱི་རང་དབང་ཆེན་པོ་སྤྲད་ཡོད་པ་རེད།
རྒྱས་འཛོམས་ཚོགས་ཆེན་གྱི་འཐུས་མི་སུ་ཡིན་ནམ།
དམངས་གཙོ་ཚོགས་པའི་འཐུས་མི་༤༠༠༠ ཙམ་ཡོད་པ་དེ་དག་ཁོང་ཚོའི་ཆབ་སྲིད་ཚོགས་པ་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། དེའི་ནང་ས་གནས་ཁག་གི་ཚོགས་པའི་ཁོངས་མི་དང་། ལས་མིའི་མཐུན་ཚོགས་ཀྱི་ཚོགས་མི། གཞུང་གི་ལས་ཁུངས་ཁག་གི་ལས་བྱེད། ཞལ་འདེབས་བསྡུ་རུབ་བྱེད་མཁན་བཅས་ཚུད་ཡོད་པ་རེད། འོས་འཕེན་མཁན་ཚོས་སྲིད་འཛིན་འོས་མི་དང་འབྲེལ་བ་ཡོད་པའི་འཐུས་མིའི་གདན་གྲངས་འོས་འདེམས་བྱེད་ཀྱི་ཡོད་ནའང་། འཐུས་མི་དེ་དག་སོ་སོ་ནི་ཕལ་ཆེར་སྔོན་འགྲོའི་འོས་བསྡུའི་རྗེས་ཀྱི་བདུན་ཕྲག་འགའ་ཤས་སམ་ཟླ་བ་འགའ་ཤས་ཀྱི་རྗེས་སུ་གཞི་ནས་འདེམས་ཐོན་འབྱུང་གི་ཡོད་པ་རེད།
འཐུས་མི་བྱེ་བྲག་པ་སུ་ཡིན་དེ་གལ་འགངས་ཆེན་པོ་ཡིན་ནམ།
གལ་ཏེ་འོས་བསྡུར་རྩོད་གཞི་མེད་པ་ཡིན་ན། འཐུས་མི་བྱེ་བྲག་པ་སུ་ཡིན་དེ་འོས་འཕེན་མི་མང་ལ་མཚོན་ན་དེ་ཙམ་གལ་ཆེན་པོ་མིན། འཐུས་མི་ཚོས་རྒྱས་འཛོམས་ཚོགས་ཆེན་ལས་སྤྲོ་སེམས་ཁོལ་བའི་ངང་ནས་སྲིད་དོན་ཚོགས་པ་དེའི་སྲིད་འཛིན་འོས་མི་དངོས་སུ་མིང་འདོན་བྱེད་སྲོལ། དེ་ལྟར་ལགས་ཀྱང་། རྩོད་རྙོག་ཅན་གྱི་འོས་བསྡུའི་ནང་ལ་འཐུས་མི་ཚོར་འོས་མི་གང་རུང་ཞིག་ལ་རྒྱབ་སྐྱོར་བྱ་རྒྱུའི་རང་དབང་ཡོད་པས་འཐུས་མི་རྣམས་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་རེད།
འཐུས་མི་ཚོས་སུ་ཞིག་མིང་འདོན་བྱ་ཆོག་གམ།
ཁས་ལེན་འཐུས་མིའི་གྲངས་འབོར་དེ་འཐུས་མི་སྤྱིའི་གྲངས་འབོར་གྱི་བརྒྱ་ཆ་༨༥ ཙམ་ཟིན་ཚེ། ཁོང་ཚོས་འོས་འཕེན་མི་མང་གིས་འོས་འདེམས་བྱས་པའི་འོས་མིར་རྒྱབ་སྐྱོར་བྱ་དགོས། གལ་སྲིད་མི་དམངས་ཀྱིས་འོས་འདེམས་བྱས་པའི་འོས་མི་མེད་པའི་གནས་སྟངས་འོག་ཏུ། ཁས་ལེན་འཐུས་མི་ཚོས་འོས་མི་གང་ཡང་རུང་བ་ཞིག་ལ་རྒྱབ་སྐྱོར་བྱེད་ཆོག། ༼ཁས་ལེན་འཐུས་མི་ཞེས་པ་ནི་ཨ་རིའི་སྲིད་འཛིན་འོས་བསྡུའི་ནང་འོས་མི་བྱེ་བྲག་པ་ཞིག་ལ་རྒྱབ་སྐྱོར་ཡོད་པ་སྔར་ནས་ཡོངས་གྲགས་ཟིན་པའི་འཐུས་མིར་ཟེར། ༽
རིམ་འདས་འཐུས་མིའམ་དམངས་གཙོ་ཚོགས་པའི་སྣེ་ཡོད་འགོ་ཁྲིད་དང་མི་དམངས་ཀྱིས་འོས་འདེམས་བྱས་པའི་དཔོན་རིགས་ཚོས་རྩོད་གཞི་ཅན་གྱི་འོས་བསྡུའི་ནང་རྒྱས་འཛོམས་ཚོགས་ཆེན་གྱི་འོས་ཤོག་བླུག་ཐེངས་དང་པོའི་སྐབས་ལ་འོས་ཤོག་འཕེན་ཆོག་གི་མེད་ཀྱང་། དེའི་རྗེས་སུ་འོས་ཤོག་འཕེན་སྐབས་ཁོང་ཚོས་བདམས་པའི་འོས་མི་གང་ཡང་རུང་བར་འོས་ཤོག་འཕེན་ཆོག།
འོས་མི་གང་འདྲ་ཞིག་ལ་ལམ་ལྷོངས་ཡོང་གི་ཡོད་དམ།
ལོ་རྒྱུས་ཀྱི་ཉམས་མྱོང་ལས་གསལ་དོན་ལྟར་ན། རྩོད་གཞི་ཅན་གྱི་རྒྱས་འཛོམས་ཚོགས་ཆེན་ལས་མིང་འདོན་བྱས་པའི་འོས་མིར་སྲིད་འཛིན་འཐོབ་རྒྱུ་དེ་ཁག་པོ་ཡིན་པ་རེད། ཕིའུ་ཉམས་ཞིབ་ཁང་གི་ཞིབ་འཇུག་ཅིག་ལས་གསལ་དོན་དུ། སྤྱི་ལོ་༡༨༦༨ ལོ་༼ ལྷོ་བྱང་དམག་འཁྲུག་རྗེས་ཀྱི་འོས་བསྡུ་དང་པོ། ༽ནས་༡༩༨༤ ལོའི་བར་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་འོས་མི་མིང་འདོན་བྱེད་པའི་རྒྱས་འཛོམས་ཚོགས་ཆེན་ཁྱོན་ཐེངས་༦༠ ཚུགས་ཡོད་པ་ལས། འོས་མི་༡༨ ལ་ཡང་ནས་བསྐྱར་དུ་འོས་ཤོག་ཐེངས་མང་འཕངས་རྗེས་གཞི་ནས་མིང་འདོན་བྱས་ཐུབ་ཡོད་པ་དང་། འོས་མི་༡༨ པོ་དེ་དག་ལས། འོས་མི་༧ ལ་མ་གཏོགས་སྲིད་འཛིན་ཐོབ་མེད་ཅིང་དེ་ནི་བརྒྱ་ཆ་༤༠ ལའང་ཟིན་གྱི་མེད་པ་རེད།