རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་མི་ཚོར་ཤེས་སུ་འཇུག་འདོད་མེད་པའི་ཐེ་ཝན་སྐོར་གྱི་གནས་ཚུལ་གང་དག་ཡིན་ནམ།

ཨ་རིར་གནས་བཞུགས་རྒྱ་མི་དམངས་གཙོ་དོན་གཉེར་བ་དང་། རྩོམ་པ་པོ། པེ་ཅིང་གི་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཧུའུ་ཕིང་ལགས།

ཨ་རིར་གནས་བཞུགས་རྒྱ་མི་དམངས་གཙོ་དོན་གཉེར་བ་དང་། རྩོམ་པ་པོ། པེ་ཅིང་གི་དཔྱིད་ཀ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་ཧུའུ་ཕིང་ལགས་ཀྱིས་ཉེ་ལམ་ཐེ་ཝན་གྱི་གནད་དོན་ཐད་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་གསུངས་པའི་དགོངས་ཚུལ་ལས་སྙིང་བསྡུས་ཤིག་བོད་ཡིག་ཏུ་ཕབ་སྒྱུར་ཞུས་པ་གཤམ་གསལ།

རྒྱ་ནག་སྐམ་ས་ཆེན་པོ་དང་ཐེ་ཝན་བར་ལ་ས་བབས་ཀྱི་ཆ་ནས་མཚོ་འགག་ཅིག་གི་རྒྱང་ཁྱད་ཙམ་ལས་ཆོད་མེད་ཀྱང་། ཐེ་ཝན་མཚོ་འགག་ཕྱོགས་གཉིས་ཕན་ཚུན་དབར་བར་ཐག་རིང་པོས་བསྐལ་ཡོད་པར་ལྟར་སྣང་ཞིང་། རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་པས་ཆ་འཕྲིན་དང་གསར་འགྱུར་བརྒྱུད་ལམ་ལ་སྙིང་རུས་ཆེན་པོས་བཀག་སྡོམ་རྒྱུན་འཁྱོངས་ལྷོད་མེད་བྱས་རྐྱེན། རྒྱ་ནག་གི་མང་ཚོགས་མང་པོས་ཐེ་ཝན་གྱི་གཞི་རྩའི་གནས་སྟངས་ལ་ཆ་རྒྱུས་མེད་པར་མ་ཟད། ཐ་ན་རྩ་བ་ནས་ཤེས་ཚོར་ཉམས་སྣང་ཙམ་ཡང་མེད་པ་རེད།

རྒྱ་ནག་དམར་ཤོག་གཞུང་གིས་རྒྱ་མི་ཚོར་ཤེས་སུ་འཇུག་འདོད་མེད་པའི་ཐེ་ཝན་སྐོར་གྱི་གནས་ཚུལ་གང་དག་ཡིན་ནམ།

ཧུའུ་ཕིང་། ད་ལྟའི་ཐེ་ཝན་དེ་དམངས་གཙོའི་སྤྱི་ཚོགས་གནད་སྨིན་ཞིང་འཐུས་སྒོ་ཚང་བ་དང་། བརྟན་ཞིང་བརླིང་བ་ཞིག་ཆགས་གྲུབ་ཡོད་པ་རེད། ཐེ་ཝན་གྱི་དམངས་གཙོའི་གནས་ཚད་དེ་ཨེ་ཤེ་ཡ་གླིང་ཆེན་ནང་ཙམ་མ་ཟད། འཛམ་གླིང་ཁྱོན་ནས་ཀྱང་ཨང་ཀི་མདུན་སར་སླེབས་ཟིན་པ་རེད། ཉིན་འགའི་རྗེས་སུ། ཐེ་ཝན་མི་དམངས་བྱེ་བ་གཅིག་ལྷག་ཙམ་ཡོད་པ་ཚང་མ་འོས་ཤོག་བླུག་ཏུ་ཡོང་གི་རེད། ཤོག་ལྷེབ་ཆུང་ཆུང་དེའི་སྟེང་མྱུ་གུས་རྟགས་འགའ་ཤས་བརྒྱབ་རྗེས། རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཆ་དེ་ཞི་བའི་ཐབས་ལམ་གྱི་ཐོག་ནས་བརྒྱུད་སྤྲོད་བྱ་ཐུབ་ཀྱི་རེད། སྲིད་འཛིན་གསར་པ་འདེམས་ཐོན་བྱུང་མ་ཐག་གཞུང་དམག་གིས་དེ་མ་ཉིད་དུ་གང་ཉིད་ལ་བཀའ་བརྩི་དང་ལེན་ཞུ་རྒྱུའི་དམ་བཅའ་འབུལ་གྱི་རེད། “མེ་མདའི་ཁ་ནས་སྲིད་དབང་འབྱུང་”ཞེས་པའི་སྐད་ཆ་དེར་འབྲེལ་བ་སྤུ་རྩེ་ཙམ་ཡང་ཡོད་པ་མ་རེད། ཚུལ་འདི་གཅིག་པུའི་ཐད་ནས་ཀྱང་རྒྱ་ནག་གིས་བཤད་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་པ་དེ་ལས་ལྡབ་བརྒྱ་ཡིས་གནས་ཚད་མཐོ་བ་རེད། དེ་ནི་ཐེ་ཝན་གྱི་དོན་དངོས་གནས་སྟངས་ངོ་མ་དེ་རེད། གནས་ཚུལ་དེ་རྒྱ་ནག་དམར་ཤོག་གཞུང་གིས་རྩ་བ་ནས་བཀབ་ཐུབ་མི་སྲིད་ཀྱང་། མི་རྣམས་ལ་དོ་སྣང་འདང་ངེས་ཤིག་སྤྲོད་འཇུག་གི་མ་རེད། དེ་ནི་ད་ལྟ་རྒྱ་ནག་དམར་ཤོག་གིས་བྱེད་བཞིན་པའི་ལས་ཀ་རེད།

ཐེ་ཝན་གྱི་གནད་དོན་ཐད་ཀྱི་ལྟ་ཕྱོགས་ཐ་དད་པ་དེ་གང་ནས་ཡོང་གི་ཡོད་དམ་ཅེ་ན།

ཧུའུ་ཕིང་། དུས་རབས་སྔོན་པའི་ལོ་རབས་༩༠ པ་ནས་བཟུང་། ཐེ་ཝན་མཚོ་འགག་ཕྱོགས་གཉིས་ཀྱི་མི་དང་མིའི་བར་འབྲེལ་འདྲིས་ཇེ་མང་དུ་ཕྱིན་ཡོད་པ་རེད། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཅཱང་ཙེ་མིན་དང་། ཧུའུ་ཅིང་ཐོ་ཡིས་དབང་ཆ་འཛིན་པའི་དུས་སྐབས་དེར། ཐེ་ཝན་དུ་འབྱོར་བའི་རྒྱ་ནག་སྐམ་སའི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་ནའང་འདྲ། ཡང་ན་ཕྱི་རྒྱལ་དུ་གནས་བཞུགས་རྒྱ་མི་ཚོ་ཡིན་ནའང་འདྲ། གང་ལྟར་ཐེ་ཝན་ལ་ལྟ་ཕྱོགས་ཀྱི་ཐད་མང་ཆེ་ཤོས་དགེ་བའི་ཕྱོགས་ཤ་སྟག་རེད། ཡིན་ནའང་། ཉེ་བའི་ལོ་འགའ་ཤས་ཀྱི་རིང་གནས་སྟངས་ལ་འགྱུར་བ་ཅུང་ཙམ་ཕྱིན་འདུག། གཅིག་དེ་རྒྱ་ནག་དམར་ཤོག་གིས་སྨྲ་བརྗོད་ལ་དོ་དམ་བྱེད་ཕྱོགས་དོ་ནན་དུ་བཏང་ཡོད་པའི་རྐྱེན་ལས། ཐེ་ཝན་ཡག་པོ་ཡོད་སྐོར་གྱི་སྐད་ཆ་རྣམས་ཕྱི་ལོགས་སུ་དོན་ས་མེད་པ་ཆགས་ཡོད་པ་རེད། དེ་ཙམ་དུ་མ་ཟད། རྒྱ་ནག་དམར་ཤོག་གིས་ཐེ་ཝན་མཚོ་འགག་ཕྱོགས་གཉིས་ཀྱི་གནད་དོན་དེ་གཅིག་གྱུར་དང་རང་བཙན་གྱི་བརྗོད་གཞི་ཁོ་ནའི་ཕྱོགས་སུ་བསྒྱུར་ཡོད་པ་རེད། དོན་དམ་ལ་མཚོ་འགག་ཕྱོགས་གཉིས་ཀྱི་གནད་དོན་དེ་རང་དབང་དམངས་གཙོ་དང་གཞན་དབང་སྒེར་གཅོད་ཀྱི་གནད་དོན་ཞིག་རེད།

དེང་སྐབས་ཀྱི་རྒྱ་ནག་གི་གླེང་ཕྱོགས་རྙོག་འཛིང་ཚ་ལུགས་ཇི་ལྟར་ཡིན་ནམ།

ཧུའུ་ཕིང་། སྤྱིའི་ཆ་ནས་བཤད་ན། ད་ལྟའི་རྒྱ་ནག་སྐམ་ས་ཆེན་པོའི་མི་དང་། ཐ་ན་ནུབ་ཕྱོགས་སུ་ཡུན་རིང་བསྡད་པའི་རྒྱ་ནག་སྐམ་ས་ཆེན་པོའི་མི་ཚོས་ཐེ་ཝན་ཐོག་ལྟ་སྟངས་དེ་སྔོན་མ་ནང་བཞིན་ཚང་མས་མགྲིན་གཅིག་ཏུ་ཡག་པོ་རེད་ཅེས་ཟེར་གྱི་མི་འདུག། དེ་ལྟར་ཡག་པོ་རེད་ཅེས་བཤད་མི་དགོས་པའི་རྒྱུ་མཚན་གཅིག་དེ། རྒྱ་ནག་གིས་ངོས་འཛིན་གྱི་དམག་འཐབ་བྱས་ཏེ་ཆ་འཕྲིན་ལ་སྟངས་འཛིན་བྱེད་བཞིན་པ་དེ་གཅིག་རེད། གཞན་ཞིག་དེ་ལོ་འདི་དག་གི་རིང་ལ་རྒྱ་ནག་སྐམ་ས་ཆེན་པོའི་དཔལ་འབྱོར་ཡག་པོ་ཆགས་ཙང་། སྲིད་དབང་སྒེར་གཅོད་ལ་ཞེན་པ་ལོག་པའི་ཚད་དེ་དམའ་རུ་ཕྱིན་པ་རེད། དོ་སྣང་བྱ་འོས་པའི་བརྗོད་གཞི་ཚ་ཤོས་མང་པོ་ཞིག་གི་ཁ་ཕྱོགས་བསྒྱུར་ཏེ། དམངས་གཙོ་དང་སྒེར་གཅོད་ཀྱི་བརྗོད་གཞིའི་སྒང་ལ་དམིགས་པ་གཏད་མ་ཐུབ་པར་གཅིག་གྱུར་དང་རང་བཙན་གྱི་བརྗོད་གཞིའི་ཐོག་འཕྲོས་པ་རེད། ལྷག་པར་དུ་ད་ལྟའི་རྒྱ་ནག་གི་ཁོར་ཡུག་ནང་ལ། རང་བཙན་གྱི་སྐད་ཆ་བཤད་དེ། དམངས་གཙོ་ཡར་ཐོན་ཚོགས་པར་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་པ་ནི་ཉེན་ཁ་ཚ་པོ་རེད། རྒྱུ་མཚན་དེའི་ཕྱིར་ན། རྒྱ་ནག་ནང་དང་ཕྱི་ལོགས་སུ་ཡོད་པའི་རྒྱ་ནག་སྐམ་སའི་རྒྱ་མི་སུ་ཡིན་ཡང་། ཐེ་ཝན་གནད་དོན་ཐད་ཀྱི་ལྟ་སྟངས་སྐོར་ནས་སྔར་དང་བསྡུར་ན་དཀའ་ཁག་དང་རྙོག་འཛིང་ཇེ་ཆེ་ནས་ཇེ་ཆེ་རེད།

ཐེ་ཝན་གྱི་མི་མང་ཆེ་ཤོས་ཀྱིས་སོ་སོ་རྒྱ་མི་ཡིན་པ་འདོད་ཀྱི་མེད་པའི་རྒྱུ་མཚན་ཅི་རེད།

ཧུའུ་ཕིང་། ལོ་ངོ་༥༠ ཐམ་པའི་རིང་ལ་ངས་མཐོང་བའི་དོན་དངོས་གལ་ཆེ་ཤོས་གཅིག་དེ། ད་ལྟའི་ཆར་མི་ཚང་མས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་མི་སེར་ཚོར་ཐེ་ཝན་གྱི་མི་ཞེས་འབོད་བཞིན་འདུག། དེང་སྐབས་རྒྱ་ནག་ཅེས་བརྗོད་དུས་ཚང་མས་རྒྱ་ནག་སྐམ་ས་ཆེན་པོར་གོ་ཡི་འདུག། རྒྱུ་མཚན་དེའི་རྐྱེན་གྱིས་རྒྱ་ནག་ཅེས་པ་ནི་སྐམ་ས་ཆེན་པོ་ཁོ་ནར་འཇུག་པའི་ཐ་སྙད་ཅིག་རེད། ཐ་ན་ཐེ་ཝན་གྱི་མི་ཚོས་སོ་སོས་སོ་སོ་ལ་ཡང་ཐེ་ཝན་པའམ་ཐེ་ཝན་མི་ཞེས་འབོད་ཀྱི་ཡོད་པ་རེད། གལ་སྲིད་ཁོ་ཚོས་ང་ཚོ་རྒྱ་མི་ཡིན་ཞེས་ལབ་ན་མི་གཞན་པས་ལམ་སེང་རྒྱ་ནག་སྐམ་ས་ཆེན་པོའི་མི་ཡིན་པར་འཁྲུལ་ཉེན་ཡོད་པས་རེད། དབྱེ་བ་གསལ་པོ་ཕྱེ་ཆེད་ཐེ་ཝན་གྱི་མི་ཡིན་ཞེས་མི་ལབ་རང་ལབ་རེད།

དཔལ་འབྱོར་དང་ཆབ་སྲིད་ཀྱི་དཀའ་ངལ་ནང་ལྷུང་ཡོད་པའི་ཞི་ཅིན་ཕིང་གིས་ཐེ་ཝན་ལ་དམག་རྒྱག་སྲིད་དམ།

ཧུའུ་ཕིང་། ད་ལྟའི་གནས་སྐབས་ལ། དུས་ཚོད་ཐུང་ཐུང་ནང་ལ་ཞི་ཅིན་ཕིང་གིས་ཐེ་ཝན་ལ་དམག་འཁྲུག་ལངས་ཀྱི་མ་རེད། རྒྱུ་མཚན་གཅིག་དེ། ཐེ་ཝན་ཁོ་རང་གི་དམག་ཤུགས་ལའང་སྣང་ཆུང་གཏོང་ཆོག་པ་ཞིག་མ་རེད། རྒྱུ་མཚན་གཞན་ཞིག་དེ། པེ་ཅིང་གིས་ཐེ་ཝན་ལ་དམག་འཁྲུག་ལངས་པ་ཡིན་ན། ཨ་རིས་ཐེ་གཏོགས་གཏིང་ཟབ་མོ་བྱེད་ཀྱི་རེད། ཐད་ཀར་དམག་གཏང་སྲིད་པ་རེད། པེ་ཅིང་ལ་རྒྱལ་ཁ་བླངས་ཐུབ་པའི་གདེང་ཚོད་མེད་པས། འཚབ་འཚུབ་ཏུ་ཧོད་རྒྱུག་བྱེད་ཀྱི་མ་རེད། དོན་དམ་ལ་རྒྱ་ནག་དམར་ཤོག་གིས་གསལ་པོ་ཤེས་ཀྱི་ཡོད་པ་རེད། ཐེ་ཝན་གྱི་མིའི་ནང་ནས་སྔོན་པོ་དང་ལྗང་གུ་ག་རེ་ཡིན་ནའང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་རྩ་བ་ནས་ངོས་ལེན་བྱེད་ཀྱི་མེད་པ་གསལ་པོ་རེད། ད་ལྟའི་གནས་སྐབས་ལ་ཡུལ་དུས་གནས་སྐབས་ཀྱི་ཆ་རྐྱེན་འཛོམས་མེད་པས། འཕྲལ་དུ་དམག་ལངས་མི་སྲིད་ཀྱང་། མ་འོངས་པའི་ལོ་ངོ་འགའ་ཤས་ཀྱི་རིང་ལ་ཉེན་ཁ་དེའི་རིགས་ཡོད་པར་སྣང་ཆུང་གཏོང་རུང་བ་ཞིག་མ་རེད།

Your browser doesn’t support HTML5

རྒྱ་གཞུང་ལ་འགོག་རྒོལ་བྱ་རྒྱུ་དེ་ཐེ་ཝན་མི་དམངས་ཡོངས་ཀྱི་འདོད་བློ་གཙོ་བོ་ཆཊ་ཡོད་པ།