ཨ་རིའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་རྣོ་ངར་ཆེ་རུ་སོང་བ།

སྲིད་དོན་ཚོགས་པ་གཉིས་ཀའི་སྲིད་འཛིན་འོས་མི་དང་སྲིད་འཛིན་གཞོན་པའི་འོས་མི་བཅས་གཏན་འཁེལ་ཟིན་པ་

Your browser doesn’t support HTML5

ཨ་རིའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་རྣོ་ངར་ཆེ་རུ་སོང་བ།

ཨ་རིའི་ནང་སྲིད་འཛིན་གྱི་འོས་བསྡུ་བྱེད་པར་ཟླ་བ་གསུམ་ལས་མེད་པའི་སྐབས་འདིར་སྲིད་དོན་ཚོགས་པ་གཉིས་ཀའི་སྲིད་འཛིན་འོས་མི་དང་སྲིད་འཛིན་གཞོན་པའི་འོས་མི་བཅས་གཏན་འཁེལ་ཟིན་པ་མ་ཟད། འོས་བསྡུའི་དྲིལ་བསྒྲགས་བྱེད་རྒྱུར་དུས་ཚོད་དེ་ཙམ་མེད་པར་བརྟེན་གཟའ་འཁོར་འདིའི་ནང་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ཀྱི་མཐོ་རིམ་མི་སྣ་རྣམས་གཅིག་མཇུག་གཉིས་མཐུད་ཀྱིས་འགྲན་རྩོད་ཆེ་བའི་མངའ་སྡེ་ཁག་ཅིག་ལ་བསྐྱོད་དེ་འོས་བསྡུའི་དྲིལ་བསྒྲགས་རྣོ་ངར་ལྡན་པར་གནང་རྒྱུ་རེད་འདུག

དེ་ཡང་ད་ལྟའི་སྐབས་འདིར་དངོས་གཞིའི་འོས་བསྡུའི་ཉིན་གྲུབ་འབྲས་ལ་ཤུགས་རྐྱེན་ཆེན་པོ་བཟོ་སྲིད་པའི་མངའ་སྡེ་བདུན་ཡོད་པ་དེ་དག་ལ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཀ་མ་ལ་ ཧེ་རེས་ཡི་དང་སྲིད་འཛིན་གཞོན་པའི་འོས་མིར་བདམས་པ་མི་ནི་སོ་ཌ་མངའ་སྡེའི་སྲིད་སྐྱོང་ཀྲིམ་ ཝོལྫ་གཉིས་རེས་གཟའ་ལྷག་པའི་ཉིན་ཝིས་ཀན་སེན་དང་མི་ཆི་གྷན་མངའ་སྡེ་གཉིས་ལ་ཆེད་ཕེབས་གནང་འདུག དེ་བཞིན་གཟའ་འཁོར་འདིར་་མངའ་སྡེ་གཞན་ཨ་རི་ཛོ་ན་དང་ནེ་ཝ་ཌ་གཉིས་ལ་ཕེབས་ནས་འོས་བསྡུའི་དྲིལ་བསྒྲགས་གནང་རྒྱུ་རེད།

ཡང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་བདམས་པའི་སྲིད་འཛིན་གཞོན་པའི་འོས་མི་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ཌི་ ཝེནྶ་ཡིས་རེས་གཟའ་ལྷག་པའི་ཉིན་མངའ་སྡེ་ཝི་སི་ཀོན་སེན་དང་མི་ཆེ་གྷན་གཉིས་ཀྱི་ནང་མི་མང་འདུ་འཛོམས་ཐོག་འོས་བསྡུའི་དྲིལ་བསྒྲགས་གནང་བ་མ་ཟད། གཟའ་འཁོར་འདིའི་གཟའ་མཇུག་ཏུ་བྱང་ཁེ་རོ་ལི་ན་མངའ་སྡེའི་ནང་ཕེབས་ཏེ་འོས་བསྡུའི་དྲིལ་བསྒྲགས་གནང་འཆར་གནང་ཡོད་ནའང་། ས་ཁུལ་དེའི་ནང་དྲག་ཆར་རླུང་ཚུབ་ཆེན་པོ་ཡོང་རྒྱུའི་སྔོན་བརྡ་བཏང་ཡོད་པར་བརྟེན་ལས་འགུལ་དེ་འཕར་མགྱངས་གནང་འདུག འོས་བསྡུའི་དྲིལ་བསྒྲགས་སྐབས་སུ་ལྕམ་ཧེ་རེས་ཡི་ཕྱོགས་ནས་ཁ་གཏད་ཌོ་ནལ་ཊམ་དང་ཇེ་ཌི་ ཝེནྶ་གཉིས་ཀྱིས་རྒྱལ་ཁབ་ནང་རང་དབང་མེད་པ་བཟོ་རྒྱུ་ཡིན་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད། ཡང་སྐུ་ཞབས་ཊམ་དང་ཁོང་གི་ཕྱག་སྦྲེལ་གཉིས་ཀྱིས་ལྕམ་ཧེ་རེས་དང་ཁོང་གི་ཕྱག་སྦྲེལ་ཝལྫ་གཉིས་ནི་ཆེས་གུ་ཡང་ལྟ་སྤྱོད་ཅན་ཡིན་པའི་ཆ་ནས་རྒྱལ་ཁབ་ནང་ར་ལང་ཆ་ལང་གི་གནས་སྟངས་ཆགས་ཀྱི་རེད་ཅེས་སོགས་གསུངས་ཏེ་ཉེན་བརྡ་གཏོང་གི་ཡོད་པ་རེད།

དེའི་བར་ན་མི་མང་གི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་ད་ལྟའི་སྐབས་འདིར་རྒྱལ་ཡོངས་སུ་ལྕམ་ཧེ་རེས་ལ་དགའ་མོས་ཆེ་ཙམ་ཡོད་པ་ཐོན་གྱི་ཡོད་ཀྱང་། འོས་ཤོག་ཐོབ་ཤོར་ལ་ཁྱད་པར་ཤུགས་ཆེ་བཟོ་སྲིད་པའི་་མངའ་སྡེ་ཁག་གི་ནང་འོས་མི་རྣམ་པ་གཉིས་ལ་དགའ་མོས་བྱེད་མཁན་གྱི་བར་ཁྱད་ཧ་ཅང་ཉེ་བོ་ཡིན་པ་གསལ་འདོན་བྱས་འདུག

ཨ་རི་རླུང་འཕླིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོདཔ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།