རེས་གཟའ་ལྷག་པའི་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་སྲིད་འཛིན་ཇོ་ བྷའི་ཊན་དང་སྲིད་འཛིན་ཟུར་པ་ཌོ་ནལ་ ཊམ། སྲིད་འཛིན་སྐུ་གཞོན་ལྕམ་ཀ་མ་ལ་ ཧེ་རེ་སེ་གསུམ་ལྷན་བཞུགས་ཀྱིས་དགུ་པའི་བཅུ་གཅིག་གི་དོན་རྐྱེན་ལ་རྗེས་དྲན་གནང་ཡོད་པ་དང་འབྲེལ། དོན་རྐྱེན་དེའི་ནང་འདས་གྲོངས་གྱུར་བ་དང་རྨས་སྐྱོན་བྱུང་བ་དང་ཁོང་ཚོའི་ནང་མི་ཚོར་རྗེས་དྲན་ཞུས་འདུག
ཕྱི་ལོ་༢༠༠༡ ལོའི་ཟླ་བ་དགུ་པའི་ཕྱི་ཚེས་༡༡ ཉིན་འཇིགས་སྐུལ་དྲག་སྤྱོད་པས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ལ་གཏོར་རྒོལ་བྱས་སྐབས་ཉེས་མེད་ཞི་བའི་མི་གསུམ་སྟོང་ཙམ་ལ་སྲོག་སྐྱོན་བྱུང་ཡོད་པ་དང། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཌོ་ནལ་ ཊམ་དང། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཀ་མ་ལ་ ཧེ་རེ་སེ་གཉིས་ཀྱིས་སྲིད་འཛིན་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་གནང་བསྒྲུབས་ཏེ་ཆུ་ཚོད་ཁ་ཤས་སོང་རྗེས་གྲོང་ཁྱེར་ནིའུ་ཡོག་ནང་གི་འཛམ་གླིང་ཚོང་དོན་ལྟེ་གནས་སུ་སླར་ཡང་ངོ་མཇལ་བྱུང་འདུག
སྐུ་ཞབས་ཊམ་དང། སྐུ་ཞབས་ཇེ་ཌི་ ཝེནྶ་གཉིས་ས་གནས་ལ་སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་ཕེབས་འབྱོར་གནང་འདུག་པ་དང། སྲིད་འཛིན་བྷའི་ཌན་དང་ལྕམ་ཧེ་རེ་སེ་གཉིས་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཡས་མས་ལ་ཕེབས་འབྱོར་གནང་འདུག སྲིད་འཛིན་བྷའི་ཌན་དང་ཊམ་གཉིས་ཕྱག་གཏོང་རེ་གནང་འདུག་པ་མ་ཟད། སྐུ་ཞབས་ཊམ་དང། ལྕམ་ཧེ་རེ་སེ་གཉིས་ཀྱིས་ཀྱང་ཕྱག་གཏོང་རེ་གནང་འདུག
དགུ་པའི་བཅུ་གཅིག་གི་དོན་རྐྱེན་དེའི་སྐབས་འདས་གྲོངས་སུ་གྱུར་མཁན་གཅིག་གི་སྤུན་མཆེད་ཀེ་ཐི་ ནུག་ཀྲོན་གྱིས་འདས་པོ་ཚོར་རྗེས་དྲན་ཆེད་ས་གནས་དེར་འབྱོར་འདུག་ཅིང། ལོ་ངོ་༢༣ གོང་གི་བྱུང་བ་རྣམས་ལྷང་ངེར་དྲན་གསོ་ཡོང་གི་འདུག འདས་གྲོངས་སུ་གྱུར་བའི་མི་མང་ཚོས་ག་དུས་ཡིན་ནའང་བརྗེད་རྒྱུ་མེད་ཅེས་འགྲེལ་བརྗོད་བྱས་འདུག
དེང་སྐབས་ཨ་རིའི་ནང་སྲིད་འཛིན་འོས་བསྡུའི་ལས་འགུལ་ཚ་ཚ་ཧུར་ཧུར་འགྲོ་བཞིན་པར་ལྟོས་མེད་ཀྱིས་རྗེས་དྲན་གྱི་མཛད་སྒོ་གོ་སྒྲིག་བྱེད་མཁན་ཚོས་མཛད་སྒོ་དེ་ཆབ་སྲིད་དང་འབྲེལ་བ་མེད་པའི་མཛད་སྒོ་ཞིག་གོ་སྒྲིག་བྱེད་ཐུབ་ཐབས་བྱས་པ་དང་ཆབས་ཅིག མཛད་སྒོའི་དམིགས་ཡུལ་གཙོ་བོ་དོན་རྐྱེན་ནང་འདས་གྲོངས་སུ་ཕྱིན་པ་དང་ཁོང་ཚོའི་ནང་མི་ཚོ་རྗེས་དྲན་བྱ་རྒྱུ་ཁོ་ན་ཡིན་པ་རེད།
མཛད་སྒོ་དེར་མཉམ་ཞུགས་བྱེད་མཁན་ཀོ་རིན་ བྷི་ཤོབ་ཀྱིས་གསུངས་དོན་ལ། གལ་ཏེ་ཆབ་སྲིད་པ་ཚོས་དངོས་འབྲེལ་གནས་སྟངས་གང་བྱུང་བ་བཞིན་དོ་སྣང་བྱེད་ཀྱི་ཡོད་ན་ཡག་པོ་རེད། ས་གནས་འདིར་ཡོང་དགོས་ཀྱི་རེད། དགུ་པའི་བཅུ་གཅིག་གི་དོན་རྐྱེན་སྐབས་སུ་ཁོ་མོའི་སྤུན་མཆེད་གཅིག་འདས་གྲོངས་སུ་གྱུར་ཡོད་པ་རེད། ཡང་གལ་ཏེ་ཁོང་ཚོ་ཆབ་སྲིད་ཀྱི་དམིགས་ཡུལ་ཐོག་ནས་འདིར་ཡོང་ཡོད་ན་དེ་ནི་ཁོང་ཁྲོ་སྐྱེ་གཞི་ཞིག་རེད་ཅེས་འགྲེལ་བརྗོད་བྱས་འདུག
མཛད་སྒོ་དེ་མཇུག་བསྒྲིལ་རྗེས་སྐུ་ཞབས་བྷའི་ཌན་དང། ལྕམ་ཧེ་རི་སེ་གཉིས་མངའ་སྡེ་པེན་སེལ་ཝི་ཡ་དང་ཨ་རིའི་བདེ་སྲུང་ལྷན་ཁང་གཉིས་ལ་ཆེད་ཕེབས་གནང་འདུག་པ་དང། སྐབས་དེར་ཨལ་ཀའི་ཏ་འཇིགས་སྐུལ་ཚོགས་པས་ས་གནས་དེ་གཉིས་ནང་ལ་ཡང་གཏོར་རྒོལ་གཏོང་ཐབས་བྱས་ཡོད་པ་རེད། དེ་བཞིན་སྲིད་འཛིན་ཟུར་པ་སྐུ་ཞབས་ཊམ་ཡང་པེན་སི་ཝིལ་ནི་ཡའི་ནང་གི་མཛད་སྒོ་ཞིག་ལ་ལྷན་བཞུགས་གནང་ཡོད།
འཇིགས་སྐུལ་དྲག་སྤྱོད་པ་༡༩ ཙམ་གྱིས་ཨ་རིའི་ས་ཐོག་ལ་གཏོར་རྒོལ་བྱས་ཏེ་ཨ་རི་བ་ ༢༩༧༧ ལ་སྲོག་སྐྱོན་བྱུང་ཡོད་དུས། འདས་པོ་ཚོའི་ནང་མི་དང་སྤུན་མཆེད་སྟོང་ཚོ་མང་པོར་སེམས་སྡུག་ཧ་ཅང་ཆེན་པོ་བཟོས་ཡོད་པ་རེད།
ཡང་ཨ་རིའི་བདེ་སྲུང་དྲུང་ཆེ་ལོ་ཡིཏ་ ཨས་ཊན་གྱིས་གསུངས་དོན་ལ། ཨ་རིའི་མི་མང་པོས་དགུ་པའི་བཅུ་གཅིག་གི་དོན་རྐྱེན་རྗེས་དྲན་བྱེད་ཀྱི་མེད་སྲིད་ཀྱང་། ཨ་རིའི་བདེ་སྲུང་ལྷན་ཁང་གི་སྐྱེས་པ་དང་བུད་མེད་ཚོས་དུས་དྲན་དེ་སྲུང་རྩིས་བྱེད་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་འདུག
གཏོར་རྒོལ་དེས་ཨ་རིའི་ཕྱི་འབྲེལ་སྲིད་བྱུས་དང། རྒྱལ་ནང་བདེ་འཇགས་ཀྱི་ལམ་ལུགས་ལ་འགྱུར་བ་ཆེན་པོ་བཏང་ཡོད་པ་མ་ཟད། ཨ་རིའི་མི་མང་ཚོའི་ལྟ་ཚུལ་ལ་ཡང་ཤུགས་རྐྱེན་ཆེན་པོ་བྱས་ཡོད།
དགུ་པའི་བཅུ་གཅིག་གི་དོན་རྐྱེན་དེའི་རྗེས་ཨ་རིས་འཛམ་གླིང་ཁྱོན་ཡོངས་ལ་ཡོད་པའི་འཇིགས་སྐུལ་རུ་ཚོགས་ལ་དམག་རྒྱག་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཏེ་ཨཕ་གྷ་ནིས་ཐན་དང་ཨི་རག་གཉིས་ལ་བཙན་འཛུལ་བྱས་ཡོད་པ་དང། འཕར་རྒོལ་ལས་འགུལ་དེའི་འོག་ཨབ་གྷན་གྱི་མི་སེར་དང་ཨི་རག་གི་མི་སེར་སྟོང་ཚོ་མང་པོར་སྲོག་སྐྱོན་བྱུང་ཡོད་པ་མ་ཟད། ཨ་རིའི་དམག་མི་སྟོང་ཕྲག་མང་པོར་སྲོག་སྐྱོན་བྱུང་ཡོད་པ་རེད། དེ་བཞིན་ཨབ་གྷ་ནིས་ཐན་འདི་ཨ་རིའི་དམག་འཐབ་རྒྱུན་རིང་ཤོས་བྱེད་སའི་ལྟེ་གནས་ཞིག་ཀྱང་ཆགས་པ་རེད།
ཨེ་པི་གསར་ཁང་དང་སི་ཨན་ཨན་གཉིས་ནས་བཏུས།
གསར་འགོད་པ། ཀུན་བཟང་རིག་འཛིན།
ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།