དབང་ཕྱུག་རབ་བརྟན་བླ་མར་སྒྱུ་རྩལ་མཐུན་ཚོགས་ཀྱི་གཟེངས་རྟགས་ཐོབ།

༄༅།། བལ་ཡུལ་གྱི་སྐྱིད་མོ་ལུང་ཐེབས་རྩ་ཁང་རྩ་འཛུགས་པ་དང་ཚོགས་གཙོ་དབང་ཕྱུག་རབ་བརྟན་བླ་མར་རྒྱ་གར་གྱི་ཨུ་ཏར་པྲ་དེ་ཤ་མངའ་སྡེའི་སྒྱུ་རྩལ་མཐུན་ཚོགས་ཀྱི་གཟེངས་རྟགས་ཐོབ་འདུག ཕྱི་ཟླ་༡༢་པའི་ཚེས་༢༤་ཉིན་བལ་ཡུལ་གྱི་ཧི་མ་ལ་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དབང་ཕྱུག་རབ་བརྟན་བླ་མས་འཕྲོད་བསྟེན་ལྟ་སྐྱོང་ཐད་གཟེངས་སུ་ཐོན་པའི་ལེགས་སྐྱེས་ཕུལ་ཏེ་རྒྱ་གར་གྱི་སྒྱུ་རྩལ་མཐུན་ཚོགས་ཀྱི་གཟེངས་རྟགས་ཐོབ། རྒྱ་གར་གྱི་ཨུ་ཏར་པྲ་དེ་ཤ་མངའ་སྡེའི་སྒྱུ་རྩལ་མཐུན་ཚོགས་ནི་གཞུང་འཛིན་མ་ཡིན་པའི་ཚོགས་པ་ཞིག་ཡིན་ཞིང་། ༡༩༩༣་ནས་མཐུན་ཚོགས་དེས་གླུ་གཞས་དང་བྲོ་གར། འཁྲབ་སྟོན་དང་དཔེ་གསར་ཤོམ་སྟོན་པ་སྐྱེད་སྲིང་བྱ་རྒྱུ་མགོ་བརྩམས། ད་དུང་སྤྱི་ཚོགས་དང་དཔལ་འབྱོར། ཚོང་ལས་སོགས་ལ་མཛད་རྗེས་ཆེ་བའི་སྐྱེ་བོ་སྒེར་པ་ཚོར་གཟེངས་རྟགས་སྤྲོད་རྒྱུའི་ལམ་སྲོལ་ཞིག་གསར་དུ་གཏད་ནས་རྒྱལ་སྤྱིའི་ཐོག་ཏུ་ཚོགས་པ་དེར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།།

ཨུ་ཏར་པྲ་དེ་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་བྷ་ར་ཇཱེ་ཤ་པ་ཐག་གིས་ཁོ་བོ་སྒྱུ་རྩལ་དང་གསར་འགོད་ལས་རིགས། སྤྱི་ཚོགས་ལས་འགུལ་བ་ཚོར་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་མཉམ་ཞུགས་བྱ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་གཏམ་བཤད་བྱས་འདུག དབང་ཕྱུག་རབ་བརྟན་བླ་མ་ནི་བལ་ཡུལ་གྱི་ཆཱེ་ཁམ་པར་གྲོང་གསེབ་ཏུ་སྐྱེས་པ་དང་སྤུན་མཆེད་༦་ཡོད་པའི་ནང་གི་གསུམ་པ་དེ་ཡིན་ཞིང་། ༡༩༩༧་ལོར་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུར་གཞིས་ཚུགས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་གི་ཆོས་སྒོར་ཞུགས་ཏེ་བསླབ་པ་སློབ་གཉེར་ལ་གཞོལ། ཁོང་དགོན་པར་བཞུགས་པའི་དུས་སུ་ཟས་གོས་གནས་མལ་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་རྣམས་གཞན་གྱིས་སྦྱར། ཕྱིས་སུ་དབང་ཕྱུག་རབ་བརྟན་བླ་མས་རང་གི་རྩ་བའི་བླ་མའི་བཀའ་དགོངས་ལྟར་གཞན་ཕན་གྱི་སྲི་ཞུ་བསྒྲུབས། ཁོང་གིས་གོར་ཁའི་བྱང་ཕྱོགས་ཀྱི་ས་གནས་ཁག་ཏུ་འཕྲོད་བསྟེན་ལྟ་སྐྱོང་གི་སྒར་ས་དང་བུ་བཙས་ལྟེ་གནས་བཙུགས་ཏེ་ཉེ་བའི་སྨན་ཞབས་པར་གྱུར།།

དབང་ཕྱུག་རབ་བརྟན་བླ་མས་བལ་ཡུལ་དུ་སྐྱིད་མོ་ལུང་ཐེབས་རྩ་ཁང་བཙུགས་ནས་མི་ཁྲི་ཚོ་༨་ལྷག་ལ་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱར། ཁོང་གིས་ང་ནི་ནང་པའི་བཙུན་པ་ཉམ་ཆུང་ཞིག་ཡིན། ངས་གཞན་ཕན་དང་སྤྱི་ཚོགས་ལ་ཕན་བདེ་བསྒྲུབ་རྒྱུ་གཙིགས་སུ་འཛིན་གྱི་ཡོད་ཅེས་བསྟན། ཨུ་ཏར་པྲ་དེ་ཤ་མངའ་སྡེའི་སྒྱུ་རྩལ་མཐུན་ཚོགས་ཀྱི་གཟེངས་རྟགས་བཞེས་མཁན་གྲས་སུ་རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་གྲགས་ཅན་ས་མིར་ཨན་ཇན་དང་ཧྥ་རུག་ཤཱེག སྒྱུ་རྩལ་བ་གྲགས་ཅན་ཨ་ནིལ་ཀ་པུར། ར་ཝི་ན་ཏན་དན་བྷག་ཡ་ཤྲི། ར་ཧུལ་རོ་ཡེ་དང་འཁྲབ་ཁྲིད་པ་ཨ་བྷ་སི་མུ་ས་ཏན། རྒྱུག་རྩེད་སྦོ་ལོ་རྩེད་འགྲན་པ་པི་ཡུ་ཤ་ཆོ་ལཱ་སོགས་འདུས། མཐུན་ཚོགས་དེའི་ལས་གཞིའི་ཁོངས་སུ་སྒྱུ་རྩལ་དང་རིག་གཞུང་དར་སྤེལ། ཚོགས་འདུ་བསྐོངས་ཏེ་བགྲོ་གླེང་ཚོགས། ན་གཞོན་ཚོར་རང་གི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་རྩལ་ངོ་འཕྲོད་དུ་འཇུག་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༡༢་པའི་ཚེས་༢་ཉིན་ཧི་མ་ལ་ཡའི་དུས་བབ་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོ་དབང་ཕྱུག་རབ་བརྟན་བླ་མས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་པུར་གྱི་གཞན་ཕན་དང་འགོ་ཁྲིད་ཀྱི་ཁྱད་ཆོས་གཟེངས་རྟགས་བཞེས། སིངྒ་པུར་གྱི་མ་འོངས་པའི་བུད་མེད་ཅེས་པའི་ལས་གཞི་ཁང་གིས་དབང་ཕྱུག་རབ་བརྟན་བླ་མས་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བར་ངོས་འཛིན་ཞུས། ཐེངས་དེའི་མཛད་སྒོའི་ཐོག་ཏུ་སྤྱི་ཚོགས་ཕན་བདེ་སྒྲུབ་མཁན་གཞན་པ་༥༠་ཐམ་པར་གཟེངས་རྟགས་ཕུལ། དབང་ཕྱུག་རབ་བརྟན་བླ་མ་ནི་བལ་ཡུལ་གྱི་སྤྱི་དམངས་ཤིག་ལ་སིངྒ་པུར་གྱི་གཞན་ཕན་དང་འགོ་ཁྲིད་ཀྱི་ཁྱད་ཆོས་གཟེངས་རྟགས་ཐོབ་མཁན་ཐེངས་དང་པོ་ཡིན་འདུག ༢༠༡༨་ནས་སིངྒ་པུར་གྱི་ཚོགས་པ་དེས་སྐྱེས་བོ་སྒེར་པ་མཛད་རྗེས་ཅན་ལ་གཟེངས་རྟགས་འབུལ་རྒྱུ་འགོ་བཙུགས་ཡོད་པའི་གནས་ཚུལ་ཐོན་འདུག སིངྒ་པུར་གྱི་བྷེན་ཅོང་དང་གྲོགས་པའི་ངོ་མཚར་འོད་སྣང་ཁང་དང་སྐྱིད་མོ་ལུང་ཐེབས་རྩ་ཁང་མཉམ་འབྲེལ་གྱིས་བལ་ཡུལ་མཆོད་བརྟེན་གྱི་ཀབ་རི་རྫོང་ལ་ནད་པ་ཉེན་སྐྱོབ་རླངས་འཁོར་ཁག་ཅིག་ཞལ་འདེབས་ཕུལ་བའི་གནས་ཚུལ་ཐོན་འདུག

Wangchuk Rapten Lama, the Founder & President of Kyimolung Foundation Nepal,

སྐྱིད་མོ་ལུང་ཐེབས་རྩ་ཁང་ནི་བལ་ཡུལ་གྱི་གཞུང་འཛིན་མ་ཡིན་པའི་ཚོགས་པ་ཞིག་ཡིན་པར་མ་ཟད། ཤེས་ཡོན་དང་གཞི་རྩའི་འཕྲོད་བསྟེན་ལྟ་སྐྱོང། གཙང་སྦྲ་འཕྲོད་བསྟེན་ཡར་རྒྱས། ས་ཡོམ་དང་ཆུ་ལོག ཐན་པ་སོགས་རང་བྱུང་ཁམས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་པའི་དུས་སུ་དཀའ་སྡུག་མྱོང་བའི་མི་ཚོར་བཟའ་བཏུང་དང་སྨན། གྱོན་ཆས་སོགས་བགོ་འགྲེམ། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་ཆོས་ཕྱོགས་ཀྱི་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་རྒྱུ་དམིགས་སུ་བཀར་ནས་བཙུགས་པའི་ཚོགས་པ་ཞིག་ཡིན་འདུག སྐྱིད་མོ་ལུང་ཐེབས་རྩ་ཁང་གི་ལས་སྣེ་ཚོས་ང་ཚོའི་ཚོགས་པ་འདི་བློ་ཁ་མཐུན་པའི་གྲོགས་པོ་ཁག་ཅིག་གིས་བཙུགས་པ་ཡིན། ང་ཚོས་དབུལ་ཞིང་ཕོངས་པའི་བལ་ཡུལ་མི་མང་གི་འཕྲོད་བསྟེན་ལྟ་སྐྱོང་གཙོས་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་ཀྱི་ཡོད། ང་ཚོ་སྲིད་དོན་ཚོགས་པ་ཁག་དང་ཆབ་སྲིད་ཀྱི་སྒྲིག་འཛུགས་ཁག་གི་ཁོངས་སུ་ཞུགས་མེད། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལ་མཉམ་འབྲེལ་བྱས་ནས་ས་གནས་མི་དམངས་ལ་ཞབས་འདེགས་བསྒྲུབས་ཏེ་སུ་ཞིག་ཡིན་རུང་བདག་མེད་དུ་མི་འཇོག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བཤད་པའི་གནས་ཚུལ་ཐོན་འདུག