ཡུ་ཀེ་རན་གྱི་སྲིད་འཛིན་གྱིས་ཀུར་ས་ལ་དཔུང་འཇུག་དེ་བདེ་འཇགས་ལྟེ་གནས་བཟོ་ཆེད་ཡིན་ཞེས་བཤད།

ཡུ་ཀེ་རན་གྱི་སྲིད་འཛིན་ཛི་ལནྶ་ཀིས་

Your browser doesn’t support HTML5

ཡུ་ཀེ་རན་གྱི་སྲིད་འཛིན་གྱིས་ཀུར་ས་ལ་དཔུང་འཇུག་དེ་བདེ་འཇགས་ལྟེ་གནས་བཟོ་ཆེད་ཡིན་ཞེས་བཤད།

ཡུ་ཀེ་རན་གྱི་སྲིད་འཛིན་ཛི་ལནྶ་ཀིས་རེས་གཟའ་ཉི་མའི་ཉིན་གསུངས་དོན་ལ་ ཉེ་དུས་ཨུ་རུ་སུའི་ས་ཁུལ་ཀུར་ས་ནང་དཔུང་འཇུག་བྱས་པའི་དམིགས་ཡུལ་ནི་ཨུ་རུ་སུའི་ས་མཚམས་བརྒལ་ནས་ཡུ་ཀེ་རན་ལ་བཙན་རྒོལ་སྔར་ལས་ཤུགས་ཆེ་བ་བྱེད་ཀྱི་ཡོད་པ་དེ་སྔོན་འགོག་ཆེད་བདེ་འཇགས་ལྟེ་གནས་འཛུགས་རྒྱུའི་ཆེད་བྱས་པ་ཡིན་ཞེས་གསུངས་འདུག

སྲིད་འཛིན་ཛི་ལནྶ་ཀིའི་གསུངས་བཤད་དེ་ནི་ཡུ་ཀེ་རན་གྱི་དམག་མིས་སྤྱི་ཟླ་༨པའི་ཚེས་༦་ཉིན་ཨུ་རུ་སུ་ཡའི་ས་ཁུལ་ནང་དཔུང་འཇུག་བྱས་པའི་དམིགས་ཡུལ་གསལ་བཤད་གནང་བ་ཐེངས་དང་པོ་ཡིན་པ་དང། དེའི་གོང་སྲིད་འཛིན་ཛ་ལནྶ་ཀིས་དཔུང་འཇུག་དེའི་དམིགས་ཡུལ་ནི་ས་མཚམས་སུ་གནས་སྡོད་བྱེད་མཁན་མི་མང་ཐོག་ཨུ་རུ་སུ་ཡིས་མེ་སྒྱོག་གི་གཏོར་རྒོལ་རྒྱུན་ཆད་མེད་པར་བྱེད་བཞིན་པ་ལས་སྲུང་སྐྱོབ་ཆེད་བྱས་པ་རེད་ཅེས་གསུངས་ཡོད།

ཡང་སྲིད་འཛིན་ཛི་ལནྶ་ཀིས་རེས་གཟའ་ཉི་མའི་མཚན་མོ་ཡུ་ཀེ་རན་གྱི་རྒྱ་ཆེའི་མི་མང་ལ་གསུངས་བཤད་གནང་སྐབས་ད་ལྟའི་སྐབས་འདིར་ང་ཚོའི་དམིགས་ཡུལ་གཙོ་བོ་ནི་ཨུ་རུ་སུའི་དམག་དཔུང་གི་སྟོབས་ཤུགས་ཉམས་དམས་སུ་གཏོང་རྒྱུ་དང། ཨུ་རུ་སུ་ལ་གང་ཐུབ་རྒོལ་ལན་སློག་རྒྱུ་དེ་ཡིན་པ་མ་ཟད། ང་ཚོའི་འཐབ་འཇུས་འཆར་གཞིའི་ཆ་ཤས་ཤིག་ནི་ཨུ་རུ་སུའི་ས་ཁུལ་ཀུར་ས་ནང་དཔུང་འཇུག་གིས་ས་མཚམས་བརྒལ་ནས་ཡུཀེ་རན་ཐོག་གཏོར་རྒོལ་མ་འབྱུང་བའི་སྔོན་འགོག་ཆེད་བདེ་འཇགས་ལྟེ་གནས་འཛུགས་རྒྱུ་དེ་རེད་ཅེས་གསུངས་འདུག

ཡང་འབྲེལ་ཡོད་ལས་སྣེ་ཁག་གིས་གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་ཡུ་ཀེ་རན་གྱིས་ཀུར་ས་ས་ཁུལ་ནང་གི་ཟམ་པ་གལ་ཆེན་ཞིག་ལ་གཏོར་རྒོལ་བྱས་པ་མ་ཟད། དེ་མཚུངས་ཟམ་པ་གཞན་ཞིག་ཀྱང་གཏོར་བཤིག་བཏང་པར་བརྟེན་ས་ཁུལ་དེའི་ནང་ཨུ་རུ་སུའི་སྐྱེལ་འདྲེན་གྱི་ལས་དོན་བྱེད་རྒྱུ་དཀའ་ངལ་ཆེ་རུ་སོང་བ་དང་། ཡུ་ཀེ་རན་གྱི་དཔུང་དམག་གིས་ཨུ་སུ་རུ་ཡའི་ས་ཁུལ་ནང་མདུན་སྐྱོད་དེ་བས་ཤུགས་ཆེ་བྱ་རྒྱུར་ཕན་ཐོགས་ཡོང་རྒྱུ་རེད་ཅེས་བརྗོད་འདུག

ཡང་དྲ་རྒྱའི་ཐོག་རྩོམ་འགོད་མཁན་ཨུ་རུ་སུའི་དམག་དཔུང་ལ་དགའ་ཞེན་ཆེ་བའི་དམག་དོན་གྱི་རྩོམ་པ་པོ་ཁག་གིས་ཀྱང་གུ་ལུཤ་ཀོ་ཝོའི་ཉེ་འགྲམ་ཤི་ཡམ་གཙང་པོའི་ཟམ་པ་དེར་ཨུ་ཀེ་རན་གྱིས་གཏོར་རྒོལ་བྱས་སྐོར་ངོས་ལེན་བྱས་པ་དང་ཕྱོགས་མཚུངས་འདི་འདྲིའི་གཏོར་རྒོལ་ལ་བརྟེན་ནས་ཡུ་ཀེ་རན་གྱི་དམག་མིར་འཐབ་འཛིངས་བྱེད་མཁན་ཨུ་རུ་སུ་ཡའི་དམག་མི་ཚོར་མཚོན་ཆ་སོགས་སྐྱེལ་འདྲེན་གྱི་ལས་དོན་བྱེད་རྒྱུ་དཀའ་ངལ་ཆེ་རུ་འགྲོ་རྒྱུ་རེད་ཅེས་ཀྱང་བརྗོད་འདུག

ཡུཀེ་རན་གྱི་དམག་དཔུང་གིས་ནུབ་ཕྱོགས་པས་སྤྲད་པའི་མཚོན་ལྡན་ལྕགས་ཁྲབ་འཁོར་ལོ་སོགས་མཚོན་ཆ་བེད་སྤྱོད་བྱས་ནས་ཨུ་རུ་སུའི་ས་ཁུལ་ནང་རྒོལ་རྡུང་གི་བྱ་སྤྱོད་ཤུགས་ཆེར་ལག་བསྟར་བྱས་པའི་དམིགས་ཡུལ་ཞིབ་ཕྲ་ཕྱི་ཕྱོགས་སུ་འགྲེལ་བརྗོད་ཞིབ་ཕྲ་བྱེད་ཀྱི་མེད་ཅིང། ཨུ་རུ་སུའི་ས་ཐོག་ཏུ་ཡུ་ཀེ་རན་གྱིས་འདི་ལྟར་རྒོལ་རྡུང་བྱས་པ་དེ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨུ་རུ་སུ་ཡའི་ས་ཐོག་ཕྱི་ཕྱོགས་ནས་དེ་ལྟར་རྒོལ་རྡུང་ཆེ་ཤོས་ཤིག་ཡིན་པ་དང་། ཡུ་ཀེ་རན་གྱིས་ཨུ་རུ་སུའི་ས་ཁུལ་ནང་དཔུང་འཇུགས་ཀྱིས་རྒོལ་རྡུང་གི་བྱ་སྤྱོད་ཚབས་ཆེན་ལག་བསྟར་བྱས་པར་ཨུ་རུ་སུ་ཡའི་སྲིད་འཛིན་ལས་ཁུངས་ནི་ཧང་སང་ཧོན་ཐོར་ཡོད་པ་རེད། རྒོལ་རྡུང་དེ་ལ་བརྟེན་ནས་ཨུ་རུ་སུའི་གྲོང་སེབ་ས་ཁུལ་མང་པོ་ཡུ་ཀེ་རན་གྱིས་འཇུ་བཟུང་བྱས་པ་མ་ཟད། ཨུ་རུ་སུའི་དམག་མི་བརྒྱ་ཕྲག་མང་པོ་འཇུ་བཟུང་བྱས་ཡོད་པ་རེད། ཡུ་ཀེ་རན་གྱི་དམག་དཔུང་གིས་ཨུ་རུ་སུའི་ས་ཁུལ་ནང་ཁ་ཕྱོགས་མང་པོ་ནས་དཔུང་འཇུག་བྱས་ཡོད་ཀྱང་དཔུང་འཇུག་དེ་དག་ལ་གདོང་ལེན་བྱེད་མཁན་དེ་ཙམ་བྱུང་མེད་པ་དང་། ས་ཁུལ་ནང་གི་མི་མང་ཚོ་འཇིགས་སྣང་དང་དངངས་སྐྲག་ཆེན་པོ་བྱུང་ནས་བྲོས་བྱོལ་དུ་སྐྱོད་འགྲོ་རྒྱུ་འགོ་འཛུགས་བྱས་འདུག

ཨེ་པི་གསར་ཁང་དང་སི་ཨན་བྷི་སི་གསར་ཁང་ནས་བཏུས།

གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།