བྱང་ཀོ་རི་ཡའི་དམག་དཔུང་ཆེས་ཐོག་མར་ཡུཀ་རེན་གྱི་འཐབ་འཁྲུག་ལ་ཞུགས།

བྱང་ཀོ་རི་ཡའི་དམག་དཔུང་

༄༅།། བྱང་ཀོ་རི་ཡའི་དམག་དཔུང་ཆེས་ཐོག་མར་ཡུཀ་རེན་གྱི་འཐབ་འཁྲུག་ལ་ཞུགས་ནས་ར་ཤི་ཡར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། ཕྱི་ཟླ་༡༡་པའི་ཚེས་༤་ཉིན་ཀིབ་རང་བཙན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་རྒྱལ་ཡོངས་བདེ་འཇགས་དང་རྒྱལ་སྲུང་ལྷན་ཚོགས་ཀྱི་འགོ་ཁྲིད་ཨན་ཌི་རི་ཀོ་ཝ་ལན་ཀོས་(Andrii Kovalenko)་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་འགྲེམ་འཇོག་བྱས་ཡོད་པའི་བྱང་ཀོ་རི་ཡའི་དམག་དཔུང་ལ་ཡུཀ་རེན་གྱིས་རྒོལ་རྡུང་བྱས་ནས་བསད་རྨས་ཚབས་ཆེན་ཕོག་ཡོད་སྲིད་པ་རེད་ཅེས་བསྒྲགས། ཡིན་ནའང་ཡུཀ་རེན་གྱི་དམག་དང་ར་ཤི་ཡའི་འཐབ་གྲོགས་སུ་ལྷགས་པའི་བྱང་ཀོ་རི་ཡའི་དམག་དཔུང་གི་འཐབ་འཁྲུག་ཐེངས་དང་པོའི་ཞིབ་ཕྲའི་གནས་ཚུལ་ཁག་གསལ་བཀྲོལ་མ་བྱུང་། ཁ་སྔོན་ཕྱི་ཟླ་༨་ནང་ཡུཀ་རེན་གྱི་དམག་གིས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱས་ནས་བཟུང་། མངའ་ཁུལ་དེ་འཐབ་འཁྲུག་རྒྱག་ས་གཙོ་བོ་ཞིག་ཏུ་གྱུར།།

ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན།

ཉེ་ཆར་ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱིས་བྱང་ཀོ་རི་ཡའི་དམག་མི་༡༢༠༠༠་ར་ཤི་ཡར་བཏང་སྟེ་འཐབ་འཁྲུག་ལ་ཞུགས་འཆར་འདུག་ཅེས་གནས་ཚུལ་སྤེལ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་བྱང་ཀོ་རི་ཡའི་དམག་མི་༨༠༠༠་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་འབྱོར་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཡུཀ་རེན་གྱིས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྤྲད་པའི་རྒྱང་སྙོབ་འཕུར་མདེལ་ཁག་གིས་ར་ཤི་ཡའི་ས་ཐོག་ཏུ་རྒོལ་རྡུང་བྱེད་དུ་བཅུག་ཡོད་ཚེ། བྱང་ཀོ་རི་ཡའི་དམག་དཔུང་འགྲེམ་འཇོག་བྱ་ཡུལ་ར་ཤི་ཡའི་དམག་སྒར་དེ་རྣམས་སྔོན་ནས་རྩ་མེད་གཏོང་ཐུབ། དུས་ཚོད་སྔ་གཞུག་མ་གཏོགས་བྱང་ཀོ་རི་ཡའི་དམག་དཔུང་འཐབ་འཁྲུག་ལ་དངོས་སུ་ཞུགས་ནས་གང་ཐད་དུ་ཛ་དྲག་ཆེ་རུ་འགྲོ་རྒྱུ་ཉག་གཅིག་རེད། དེ་དུས་དམག་འཁྲུག་གི་ངོ་བོ་དེ་ཡོངས་སུ་འགྱུར་ནས་དཀའ་ངལ་ཆེ་རུ་འགྲོ་ས་རེད་ཅེས་ཉེན་བརྡ་བཏང་འདུག

ཕྱི་ཟླ་༡༡་པའི་ཚེས་༣་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་བྱང་ཀོ་རི་ཡས་དཔུང་གྲོགས་བཏང་ཡང་ར་ཤི་ཡར་ཕན་ཐོགས་ཆེན་པོ་ཞིག་འབྱུང་དཀའ། ཁོ་ཚོས་ཕན་ཚུན་སྐད་བརྡ་མི་འཕྲོད་པ་དང་བྱང་ཀོ་རི་ཡའི་དམག་མི་རྣམས་སྒོ་མོ་ཡོངས་སུ་བརྒྱབ་པའི་སྤྱི་ཚོགས་ཤིག་ཏུ་འཚོ་གནས་བྱུང་། ཁོ་ཚོས་༧༠་ལྷག་ལ་དམག་འཁྲུག་བརྒྱབ་མྱོང་མེད་པར་འཐབ་འཁྲུག་གི་ཉམས་མྱོང་ཞན་ཞེས་བསྟན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་བྷུ་རུ་ཀིང་སི་ཞིབ་འཇུག་ཁང་གི་ཨེ་ཤི་ཡའི་སྲིད་ཇུས་ཉམས་ཞིབ་པ་ཨན་ཌི་རིའུ་ཡོས་(Andrew Yeo)་ར་ཤི་ཡའི་རྒྱང་ཤར་དམག་སྒར་ཁག་ཏུ་བྱང་ཀོ་རི་ཡའི་དམག་དཔུང་ལ་སྦྱོང་བརྡར་སྤྲད་ཀྱང་ནུས་པ་ཆེན་པོ་ཞིག་ཐོན་ཐུབ་རྒྱུ་དཀའ་བར་སྣང་། ཁོ་ཚོ་ར་ཤི་ཡའི་དམག་ཁོངས་སུ་ཟླ་སྒྲིལ་མ་བྱས་ན་ཕན་ཐོགས་མི་འདུག་ཅེས་བཀྲལ།།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་པོའི་མཐོ་སློབ་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་རེ་མོན་པ་ཆེ་ཀོ་པར་ཌོས་

དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་རྒྱལ་པོའི་མཐོ་སློབ་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་རེ་མོན་པ་ཆེ་ཀོ་པར་ཌོས་བྱང་ཀོ་རི་ཡའི་དམག་མི་ཁྲི་ཚོ་༡་ལས་མེད་ཀྱང་ར་ཤི་ཡར་དཔུང་གྲོགས་ཆེན་པོ་ཞིག་ཐུབ་ཤས་ཆེ། དམག་མི་དེ་ཚོ་བྱང་ཀོ་རི་ཡའི་དྲག་གྲས་དམག་དཔུང་རེད་ཟེར་གྱི་འདུག ཁོ་ཚོར་སིམ་འཛུལ་དང་ལྐོག་གསོད་ཀྱི་སྦྱོང་བརྡར་ཐོབ་ཡོད་པ་དང་ཀོར་སི་ཀ་མངའ་ཁུལ་གྱི་ར་ཤི་ཡའི་དམག་དཔུང་ཕྱིར་འཐེན་བྱས་ནས་ས་གནས་གཞན་དུ་བཀྲམ། བྱང་ཀོ་རི་ཡའི་དམག་དཔུང་ཀོར་སི་ཀ་མངའ་ཁུལ་གྱི་འཐབ་འཁྲུག་ལ་ཞུགས་ན་ར་ཤི་ཡར་དམག་མི་འདང་ངེས་མེད་པའི་དཀའ་ངལ་འཕྲད་བཞིན་པ་ཅུང་ཙམ་སེལ་ཐུབ་ཅེས་བཤད། གཟའ་འཁོར་སྔོན་མར་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཆོའི་སན་ཧུས་(Choe Son Hui)་ང་ཚོས་ར་ཤི་ཡར་རླབས་ཆེན་གྱི་རྒྱལ་ཁ་མ་ཐོབ་བར་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

ཕྱི་ཟླ་༡༡་པའི་ཚེས་༢་ཉིན་དམག་འཁྲུག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཚོས་བཤད་པ་ལྟར་ན། བདུན་ཕྲག་རེར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ར་ཤི་ཡའི་དམག་མི་བསད་རྨས་འབྱུང་གི་ཡོད་པ་བྱང་ཀོ་རི་ཡའི་དཔུང་གྲོགས་ཀྱིས་ཁ་གསབ་ཐུབ་སྲིད། ར་ཤི་ཡར་དམག་མི་འདང་ངེས་མེད་པའི་ཕུགས་ཀྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་པ་བྱང་ཀོ་རི་ཡའི་དཔུང་གྲོགས་ཀྱིས་སེལ་མི་ཐུབ། ར་ཤི་ཡའི་དམག་ལ་ཉིན་ལྟར་བསད་རྨས་འབྱུང་གི་ཡོད་པ་དེ་འདྲ་ཞིག་བྱང་ཀོ་རི་ཡའི་དཔུང་གྲོགས་ལ་བྱུང་ན་ཉིན་བཅུའི་ནང་དུ་བྱང་ཀོ་རི་ཡའི་དམག་མི་རྣམས་རྩ་མེད་འགྲོ་རྒྱུ་རེད་ཅེས་སྙན་ཐོ་བཏོན། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་སྟེ་དམག་མི་འབུམ་༧་ཡས་མས་ཤིག་བསད་རྨས་བྱུང་བར་མ་ཟད། ཉམས་ཞིབ་པ་ཚོས་༢༠༢༥་ལོར་ཡུཀ་རེན་གྱི་དམག་ས་ཁག་ཏུ་ར་ཤི་ཡའི་དམག་མི་བསད་རྨས་བྱུང་བའི་གྲངས་འབོར་དེ་ས་ཡ་༡་ཟིན་རྒྱུའི་ཚོད་དཔག་བྱས་འདུག

ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་

ད་ལོའི་ཕྱི་ཟླ་༦་པའི་ནང་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་(Putin)་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་(Kim Jong Un)་གཉིས་ཀྱིས་རྒྱལ་སྲུང་མཉམ་འབྲེལ་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། གྲོས་མཐུན་དེར་ར་ཤི་ཡ་དང་བྱང་ཀོ་རི་ཡ་གཉིས་ཀྱི་གང་ལ་ཕྱིའི་རྒྱལ་ཁབ་ཁག་གི་བཙན་འཛུལ་བྱུང་ན་ཕན་ཚུན་དཔུང་གྲོགས་གཏོང་དགོས་ཞེས་འཁོད། དེར་བརྟེན་ར་ཤི་ཡའི་གཞུང་གིས་ཀོར་སི་ཀ་མངའ་ཁུལ་དུ་ཡུཀ་རེན་གྱི་བཙན་འཛུལ་བྱུང་སོང་། ར་ཤི་ཡའི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་སྲུང་སྐྱོབ་དོན་དུ་བྱང་ཀོ་རི་ཡས་དཔུང་གྲོགས་གཏོང་དགོས་ཞེས་གྲོས་མཐུན་གྱི་འབྲུ་དོན་ཁག་ལག་ལེན་བསྟར། འོན་ཀྱང་ཡུཀ་རེན་གྱི་དམག་ས་ཁག་ཏུ་བྱང་ཀོ་རི་ཡའི་དམག་མི་རྣམས་བསད་རྨས་ཚབས་ཆེན་བྱུང་ན་ཀིམ་ཇོང་ཨུན་གྱིས་མུ་མཐུད་དུ་ར་ཤི་ཡར་དཔུང་གྲོགས་གཏོང་བའམ། ཡང་ན་བྱང་ཀོ་རི་ཡའི་དམག་དཔུང་དུས་ཚོད་ངེས་མེད་བར་དུ་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་རྒྱུ་ཡིན་མིན་ངེས་གཏན་བྲལ།།

ཉམས་ཞིབ་པ་ཁག་ཅིག་ནས་ར་ཤི་ཡའི་གཞུང་གིས་བྱང་ཀོ་རི་ཡར་འབྲུ་རིགས་དང་རྡོ་སྣུམ། སོལ་རླངས་དང་དམག་དོན་འཕྲུལ་རིག་ལག་རྩལ་སོགས་རོགས་རམ་སྤྲད། བྱང་ཀོ་རི་ཡས་ར་ཤི་ཡར་དཔུང་གྲོགས་བཏང་སྟེ་སྒྱོགས་མདེལ་དང་འཕུར་མདེལ་བཙོངས། ལྷག་པར་དུ་ནམ་ཞིག་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་བརྒྱབ་སྟེ་བྱང་ཀོ་རི་ཡས་ཨ་རི་དང་ལྷོ་ཀོ་རི་ཡར་ཁ་གཏད་གཅོག་དགོས་བྱུང་ན་བྱང་ཀོ་རི་ཡའི་དམག་ལ་སྦྱོང་བརྡར་མེད། བྱང་ཀོ་རི་ཡ་ཕམ་རྒྱུ་ཡིན་པའི་ཉེན་ཁར་གཞིགས་ནས་ཀིམ་ཇོང་ཨུན་གྱིས་བྱང་ཀོ་རི་ཡའི་དམག་མི་ཁག་ཅིག་ར་ཤི་ཡར་བཏང་སྟེ་ཡུཀ་རེན་གྱི་དམག་ས་ཁག་ཏུ་འཐབ་འཁྲུག་གི་ཉམས་མྱོང་ཐོབ་ཏུ་འཇུག་གི་ཡོད་པ་རེད། དེང་སྐབས་ར་ཤི་ཡར་བྱང་ཀོ་རི་ཡ་དང་ཨི་རན་གཉིས་ལས་མཚོན་ཆ་ཉོ་ས་མེད། ཨི་རན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་དང་མཚོན་ཆའི་བཟོ་གྲྭ་ཁག་ཅིག་ཨི་སི་རལ་གྱིས་རྩ་གཏོར་བཏང་ཞིང་། ད་ལྟ་ཕུ་ཊིན་གྱི་དམག་འཁྲུག་དེར་བྱང་ཀོ་རི་ཡ་ནི་གང་ཅིའི་ཐད་དུ་ར་ཤི་ཡར་དགོས་མཁོ་ཆེ་རུ་ཕྱིན་འདུག་ཅེས་བཤད།།

ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་

ཕྱི་ཟླ་༡༡་པའི་ཚེས་༢་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་(Zelensky)་བྱང་ཀོ་རི་ཡའི་དམག་མིར་སྦྱོང་བརྡ་སྤྲོད་ཀྱི་འདུག ཨ་མི་རི་ཀས་བལྟས་ནས་བསྡད་འདུག དབྱིན་ཇིས་བལྟས་ནས་བསྡད་འདུག འཇར་མན་ཎིས་བལྟས་ནས་བསྡད་འདུག ཚང་མས་བྱང་ཀོ་རི་ཡའི་དམག་གིས་ཡུཀ་རེན་ལ་རྒོལ་རྡུང་བྱ་རྒྱུར་བསྒུགས་ནས་བསྡད་འདུག བྱང་ཀོ་རི་ཡའི་དམག་ལ་གང་དུ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྤྲད་པའི་རྒྱང་སྙོབ་འཕུར་མདེལ་ཁག་གིས་ར་ཤི་ཡའི་ས་ཐོག་ལ་གཏོར་རྒོལ་བྱེད་དུ་འཇུག་གི་མི་འདུག་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་སྡུག་སྐད་བརྒྱབ། གཟའ་སྤེན་པའི་ཉིན་ཡུཀ་རེན་གྱི་གསང་བའི་ལས་ཁུངས་ནས་བྱང་ཀོ་རི་ཡའི་དམག་མི་༧༠༠༠་ལྷག་ལ་ར་ཤི་ཡའི་དམག་ཆས་གཡོགས། ར་ཤི་ཡའི་དམག་གི་མཚོན་ཆ་བཀྲམ་ནས་ཡུཀ་རེན་གྱི་མཐའ་མཚམས་སུ་སྐྱེལ་འདྲེན་བྱེད་ཀྱི་འདུག་ཅེས་གནས་ཚུལ་སྤེལ་འདུག