ཡུག་ཀེ་རན་ནང་ཨུ་རུ་སུ་དམར་པོའི་དུས་སྐབས་ཀྱི་དྲན་རྟེན་ཁག་གཏོར་བའི་ཐད་རྩོད་གླེང་།

ཉེ་ལམ་ཡུག་ཀེ་རན་གྱི་ནུབ་རྒྱུད་ཀྱི་གྲོང་ཁྱེར་ལི་ཝིབ་ཅེས་སུ་གནས་འཁོད་ལོ་རྒྱུས་ཐོག་བར་སྣང་མཁའ་དབྱིངས་སུ་བསྐྱོད་པའི་བུད་མེད་ཐོག་མ་ཝ་ལེན་ཐི་ནཱ་ཐེ་ཁོ་ཝ་ Valentina Tereshkova ཡི་འདྲ་སྐུ་དེ་ས་ཐོག་ལ་འགྱེལ་ནས་འདྲ་སྐུ་དེའི་མགོ་དང་ཉེ་འཁོར་ལ་སྣུམ་ཚོན་དམར་པོ་བྱུགས་ཡོད་པའི་སྣང་ཚུལ་མཐོང་རྒྱུ་ཡོད་པ་རེད།

ཡུ་རོབ་དང་ས་འབྲེལ་ཡིན་པའི་ཡུག་ཀེ་རན་གྱི་ནུབ་རྒྱུད་ཀྱི་མཐའ་མཚམས་དེ་བཞིན་ཡུག་ཀེ་རན་གྱི་མངའ་ཁོངས་སུ་ཨུ་རུ་སུ་དམར་མོའི་དུས་སྐབས་ཀྱི་དྲན་རྟེན་གྱི་རྡོ་རིང་དང་འདྲ་སྐུ་སོགས་ཚང་མ་རྩ་གཏོར་གཏོང་སའི་ས་ཆ་དང་པོ་དེ་ཡིན་པ་དང་། ད་ཆ་ཡུག་ཀེ་རན་རྒྱལ་ཡོངས་སུ་ཨུ་རུ་སུ་གཞུང་འཛིན་དང་འབྲེལ་བ་ཡོད་པའི་རྟགས་མཚན་ཡོད་ཚད་རྩ་མེད་ཤུལ་བརླག་ཏུ་བཏང་གྲུབ་ཡོད་ཀྱང་། ཨུ་རུ་སུའི་བཙན་འཛུལ་གྱི་རྐྱེན་པས་རིག་གནས་དང་ལོ་རྒྱུས་ལ་གཙང་ཕྱགས་བྱེད་པའི་སྐབས་འདིར། འདྲ་སྐུ་སོགས་དྲན་པའི་རྟེན་བརྒྱ་ཕྲག་མང་པོ་དུས་གཅིག་ཏུ་རྩ་གཏོར་དུ་བཏང་བ་ལས་ད་ལྟ་ལོ་རྒྱུས་ཐོག་གི་འབྲེལ་ཡོད་འདས་པོ་རྣམས་ཀྱི་ཕུང་པོ་དང་དུར་ས། རུས་ཐལ་རྣམས་ཇི་ལྟར་ཐག་གཅོད་བྱ་རྒྱུ་དེ་ནི་དོན་གནད་དཀའ་ཁག་ཅན་ཞིག་ཆགས་ཡོད་པ་རེད།

ལི་ཝིབ་རྟེན་མཛོད་ཁང་གི་ལོ་རྒྱུས་སྨྲ་བ་དང་ཉམས་ཞིབ་པ་ལི་ནཱ་བྷུ་ལི་ཁཱ་སི་ཁཱ་ཡིས་བརྗོད་དོན་དུ། ཡུག་ཀེ་རན་གྱི་སྤྱི་ཚོགས་ཁྲོད་རྟག་པར་རྩོད་གླེང་ཞིག་ཡོང་བཞིན་པ་དེ་ནི། གལ་སྲིད་ང་ཚོས་གནའ་བོའི་ལོ་རྒྱུས་ཀྱི་ཤུལ་བཞག་དེ་ཚོར་སྲུང་སྐྱོབ་བྱ་དགོས་པ་ཡིན་ན། ང་ཚོས་ཚུལ་ཇི་ལྟ་བུའི་སྒོ་ནས་བྱ་དགོས་སམ་ཞེས་པ་དེ་རེད། རྟེན་མཛོད་ཁང་དེའི་སྒོ་འགྲམ་དུ་ཨུ་རུ་སུ་དམར་པོས་སྡུག་སྦྱོང་མནར་གཅོད་ཇི་ལྟར་གཏོང་ལུགས་མཚོན་པའི་གཏམ་རྒྱུད་དང་། ཇིའུ་མི་རིགས་ཕྱིར་འབུད་གཏོང་བའི་གཏམ་རྒྱུད་སོགས་བཤམས་སྟོན་བྱས་ཡོད་པ་དང་། རྟེན་མཛོད་ཁང་གི་ཕྱི་ལོགས་སུ་འདྲ་སྐུ་འགའ་ཤས་ས་ལ་འགྱེལ་ཡོད་པ་རྣམས་ཡན་ལན་སོགས་ཆག་སྐྱོན་ཤོར་ཡོད་པ་མཐོང་རྒྱུ་ཡོད་པ་རེད།

ལི་ནཱ་བྷུ་ལི་ཁཱ་སི་ཁཱ་ཡིས་ས་གནས་གཞུང་འཛིན་གྱིས་ཁོ་ཚོར་རིག་དངོས་དེ་ཚོ་བདག་སྤྲོད་བྱ་དགོས་པའི་བཀོད་ཁྱབ་བཏང་རྗེས་སུ། ལས་མི་ཚོའི་རྣམ་འགྱུར་ལ་འགྱུར་བ་ཐེབས་ཏེ་ཅི་བྱ་བརྟོལ་མེད་ཆགས་ཡོད་མོད། འོན་ཏེ་རྟེན་མཛོད་ཁང་གཞན་པའི་ནང་དུ་རིག་དངོས་དེ་དག་བདག་ཚགས་བྱེད་ས་མེད་པས་ང་ཚོས་དང་ལེན་མི་བྱེད་ཐབས་མེད་བྱུང་སོང་། ཞེས་བརྗོད་འདུག། དུས་རབས་༢༠ པའི་ལོ་རབས་༩༠ པའི་ནང་ལ་ཡུག་ཀེ་རན་ནང་དམར་པོའི་ལས་ལུགས་ཀྱི་གསར་བརྗེ་བ་ལེ་ནིན་གྱི་འདྲ་སྐུ་དང་ཨུ་རུ་སུ་དམར་པོའི་དྲན་རྟེན་རྡོ་རིང་སོགས་ཇི་མང་རྩ་རྫོགས་ལ་བཏང་མྱོང་ཡོད་པ་དང་། ༢༠༡༤ ལོར་ཨུ་རུ་སུས་ཁེ་རི་མི་ཡ་ཕྱེད་གླིང་ལ་བཙན་འཛུལ་གྱིས་ཟླ་སྒྲིལ་བཏང་རྗེས། ཡུག་ཀེ་རན་དུ་དྲན་རྟེན་རིག་དངོས་གཏོར་བའི་ཚ་རླབས་ཤིག་འཕྱུར་ཡོད་པ་དང་། ༢༠༢༢ ལོར་ཨུ་རུ་སུའི་བཙན་འཛུལ་གྱི་རྗེས་སུ་སླར་ཡང་ལྡབ་ལོག་གིས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད། ན་ནིང་ལོར་ཡུག་ཀེ་རན་གྱིས་མི་སེར་སྤེལ་ཡུལ་མ་ཡིན་པ་ཅན་དུ་སྒྱུར་བའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱུང་སྟེ། ཁྲོམ་གཞུང་གི་མིང་སྒྱུར་བ་སོགས་ཨུ་རུ་སུའི་གཞུང་དང་འབྲེལ་ཡོད་ཀྱི་དྲན་རྟེན་རྡོ་རིང་ཡོད་ཚད་རྩ་མེད་ལ་བཏང་ཡོད་པ་རེད།

ཨ་ནཱ་གྷེ་རེ་ཆི་ Anna Gerych ལགས་ནི་གསར་འགོད་པ་ཞིག་ཡིན་པ་དང་། ལི་ཝིབ་ཁུལ་དུ་གུང་ཁྲན་དམར་པོའི་ལས་ལུགས་མ་ཡིན་པ་ཅན་དུ་སྒྱུར་བའི་ལས་འགུལ་ཚོགས་པ་དབུ་འཛུགས་གནང་མཁན་ཡིན་ཞིང་། ཁོང་མོས་མི་རྣམས་བཙན་འཛུལ་བ་དེ་ཚོའི་ལག་འོག་ནས་རྐྱེན་འདས་སུ་ཕྱིན་པ་རེད། དྲན་རྟེན་གྱི་རྡོ་རིང་དེ་དག་ཉར་ཚགས་བྱེད་པ་ནི་མི་འོས་པའི་ལས་ཀ་ཞིག་རེད། ཅེས་བརྗོད་འདུག། འཛམ་གླིང་དམག་ཆེན་གཉིས་པའི་ཡར་སྔོན་ལ་ལི་ཝིབ་ས་ཁུལ་ནི་ཕོ་ལན་ཌིའི་ཆ་ཤས་ཤིག་ཡིན་པ་དང་། ཨུ་རུ་སུ་དམར་པོའི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་རིགས་དང་རྟགས་མཚན་སོགས་ཉུང་ཤས་ལས་མེད། ཨུ་རུ་སུའི་སྐད་དང་ཡི་གེ་ཡང་དེ་ཙམ་དར་ཁྱབ་ཆེན་པོ་མ་ཡིན། ཁོ་ཚོས་ཨུ་རུ་སུའི་དམར་པོའི་དུས་སྐབས་ཀྱི་དྲན་རྟེན་རིག་དངོས་དེ་དག་རྩ་གཏོར་གཏོང་དུས་ངོ་རྒོལ་བྱེད་མཁན་ཡང་བྱུང་ཡོད་པ་རེད། ལྷག་པར་དུ་ས་གནས་མང་ཚོགས་ཚོས་སོ་སོའི་གཉེན་ཚན་གྱི་མིང་བྱང་འཁོད་པའི་དྲན་རྟེན་རྡོ་རིང་གཏོར་དུས་ངོ་རྒོལ་གྱི་རྣམ་འགྱུར་འཛིན་གྱི་ཡོད་པ་རེད།

ཉམས་ཞིབ་པ་ལི་ནཱ་བྷུ་ལི་ཁཱ་སི་ཁཱ་ལྟར་ན། དྲན་རྟེན་རིག་དངོས་དེ་དག་གི་རྒྱབ་ལོགས་སུ་རྟེན་རྫས་དེ་དག་ལས་མཁན་རྣམས་ཀྱི་གཏམ་རྒྱུད་ཡོད་པ་དང་། ཨུ་རུ་སུ་དམར་པོའི་ལས་ལུགས་ཀྱི་དབང་སྒྱུར་འོག་སྡུག་སྦྱོང་མནར་གཅོད་མྱོང་བའི་ཡོན་ཏན་པ་ཚོའི་གཉེན་ཚན་སོགས་ཀྱང་དེའི་ཁོངས་སུ་ཚུད་ཀྱི་ཡོད་པ་སྟེ། ང་ཚོས་ལོ་རྒྱུས་ཀྱི་ཤུལ་བཞག་འདི་དག་ལ་སྲུང་སྐྱོབ་བྱེད་དོན་ནི། རིག་གནས་ཀྱི་རིན་ཐང་ཡོད་པ་དང་། བཟོ་སྐྲུན་མཁན་རྣམས་སྒྱུ་རྩལ་བ་ཤ་སྟག་ཡིན་པའི་རྒྱུ་མཚན་གྱིས་ཡིན། ཞེས་དང་། གང་ལྟར་ཚང་མ་འགྲོ་བ་མི་ལ་འབྲེལ་བ་ཡོད་པའི་གཏམ་རྒྱུད་ཤ་སྟག་རེད། ཅེས་བརྗོད་འདུག།

ས་གནས་དྲན་རྟེན་རྡོ་རིང་ལས་དོན་གྱི་འགན་འཛིན་ཨན་ཌི་གྷི་ཌེ་ཁི་Andriy Godyk ཡིས། ཡུག་ཀེ་རན་གྱིས་སྔ་ས་ནས་ཨུ་རུ་སུ་དམར་པོའི་དུས་སྐབས་དང་འབྲེལ་ཡོད་འདྲ་སྐུ་རྣམས་རྩ་མེད་བཟོ་དགོས་པ་ངེས་གཏན་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། ཨུ་རུ་སུ་གཞུང་འཛིན་གྱིས་དམག་བཏང་ནས་བཙན་འཛུལ་བྱས་ཐད་ཨུ་རུ་སུའི་ལོ་རྒྱུས་དང་ང་ཚོའི་ཐུན་མོང་གི་ལོ་རྒྱུས་ཞེས་པ་ཞིག་ཁ་ལ་འཁྱེར་ནས་སྒྲུབ་བྱེད་བཏང་དང་གཏོང་བཞིན་པ་རེད།

ང་ཚོར་ཐུན་མོང་གི་ལོ་རྒྱུས་ཡོད་ཀྱང་། ང་ཚོར་ཐུན་མོང་གི་མ་འོངས་པ་ཞིག་ཡོད་པ་མ་རེད། ཅེས་བརྗོད་འདུག།

Your browser doesn’t support HTML5

ཡུག་ཀེ་རན་ནང་ཨུ་རུ་སུ་དམར་པོའི་དུས་སྐབས་ཀྱི་དྲན་རྟེན་ཁག་གཏོར་བའི་ཐད་རྩོད་གླེང་།