༢༠༡༦་གི་འོས་བསྡུའི་ཁ་མཆུ་དང་འབྲེལ་ནས་ཊམ་ལ་ནག་ཉེས་༣༤་ཕོག

ཊམ་ལ་ཉེས་འཛུགས་༣༤་བྱུང་བ་ཚང་མར་ནག་ཉེས་འདུག་ཅེས་སྤྱི་མོས་ཀྱིས་ཐག་བཅད།

༄༅།། གཟའ་ཕུར་བུའི་ཉིན་ནེའུ་ཡོག་གི་བཤེར་དཔང་ལྷན་ཚོགས་ཤིག་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱིས་ཁྲིམས་འགལ་ཐོག་ཏུ་༢༠༡༦་ལོའི་འོས་བསྡུར་ཤུགས་རྐྱེན་ཐེབས་ཐབས་བྱས་ནས་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ཕོ་བྲང་དཀར་པོར་བསླེབས་པ་རེད། ཊམ་ལ་ཉེས་འཛུགས་༣༤་བྱུང་བ་ཚང་མར་ནག་ཉེས་འདུག་ཅེས་སྤྱི་མོས་ཀྱིས་ཐག་བཅད། ཚོགས་མི་༡༢་ཡོད་པའི་བཤེར་དཔང་ལྷན་ཚོགས་ཀྱིས་ཐག་གཅོད་མ་བྱས་གོང་དུ་ཉིན་གཉིས་ལ་བརྟག་དཔྱད་གཟབ་ནན་བྱས་ཤིང་། ལོ་ན་༧༧་ལ་སོན་པའི་ཌོ་ནལ་ཊམ་ནི་ཨ་རིའི་ལོ་རྒྱུས་སུ་སྲིད་འཛིན་ཞིག་ལ་ཉེས་འཛུགས་ཁྲིམས་བཤེར་བྱས་པ་ཐེངས་དང་པོར་གྱུར།།

ཌོ་ནལ་ཊམ་ནི་༢༠༢༤་ལོའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་བདམས་ཏེ་ཕྱི་ཟླ་༡༡་པའི་ནང་སྲིད་འཛིན་བྷ་ཌན་གྱི་ཁ་གཏད་དུ་ལང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ༢༠༢༠་ལོར་དམངས་གཙོ་ཚོགས་པའི་འོས་མི་བྷ་ཌན་གྱིས་ཌོ་ནལ་ཊམ་ཕམ། ད་ལྟ་ཌོ་ནལ་ཊམ་ཚོད་ལྟ་བྱས་ནས་འཇོག་པའམ། ཡང་ན་ལོ་བཞི་ཡས་མས་ཤིག་ལ་བཙོན་དུ་འཇུག་སྲིད།།

ཌོ་ནལ་ཊམ་གྱི་དག་འབུད་ཁྲིམས་རྩོད་པ་ཊོ་ཌི་བྷ་ལན་ཆེས་

ཕྱི་ཟླ་༧་པའི་ཚེས་༡༡་ཉིན་ཌོ་ནལ་ཊམ་ལ་ཁྲིམས་ཐག་གཅོད་རྒྱུ་དང་དེ་ནི་ཁོ་པ་སླར་ཡང་ཕོ་བྲང་དཀར་པོར་སླེབས་རྒྱུའི་འོས་བསྡུའི་ལས་འགུལ་གྱི་ངར་སྒང་དུ་ཁེལ། ཕྱི་ཟླ་༧་པའི་ཚེས་༡༥་ནས་སྤྱི་མཐུན་ཚོགས་པའི་རྒྱས་འཛོམ་ཚོགས་ཆེན་ཚོགས་ཏེ་༢༠༢༤་ལོའི་སྲིད་འཛིན་འོས་མི་གདམ་རྒྱུ་ཡིན་ཞིང་། ཌོ་ནལ་ཊམ་གྱི་དག་འབུད་ཁྲིམས་རྩོད་པ་ཊོ་ཌི་བྷ་ལན་ཆེས་བཅད་ཁྲ་དེ་ཆོད་ལོག་གཏོང་དགོས་ཞེས་ཞུ་གཏུགས་བྱས་ཀྱང་ནེའུ་ཡོག་གི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཝན་མར་ཆན་གྱིས་འཕྲལ་དུ་དགག་པ་བརྒྱབ།།

ཌོ་ནལ་ཊམ་གྱིས་སླར་ཡང་ཁྲིམས་གཏུགས་བྱ་རྒྱུ་དང་མུ་མཐུད་ནས་སྲིད་འཛིན་འོས་བསྡུར་འགྲན་ཞུགས་བྱ་རྒྱུ་ངེས་གཏན་ཐུབ། ཨ་རིའི་རྩ་ཁྲིམས་སུ་ཉེས་ཅན་ཞིག་སྲིད་འཛིན་དུ་འགྱུར་མི་ཆོག་ཅེས་མི་གསལ། ཌོ་ནལ་ཊམ་གྱིས་༢༠༢༠་ལོའི་འོས་བསྡུའི་ཕམ་ཉེས་བྱུང་བ་ངོས་ལེན་མ་བྱས་པར་ཁྲིམས་འགལ་གྱིས་འོས་བསྡུའི་གྲུབ་འབྲས་བརྩི་མེད་གཏོང་ཐབས་བྱས་པ་ཚུད་པའི་ཉེས་དོན་གསུམ་ལ་ཁ་མཆུ་བཙུགས་མོད། འོན་ཀྱང་ཉེས་དོན་གསུམ་པོ་དེར་ཊམ་གྱི་ཁྲིམས་རྩོད་པ་དང་ཁྲིམས་སྦྱོར་བ་ཚོ་རྩོད་པ་བྱུང་། ཕྱི་ཟླ་༡༡་པའི་འོས་བསྡུའི་གཞུག་ཏུ་མ་གཏོགས་ཐག་གཅོད་མི་འབྱུང་། དེས་ན་ཕྱི་ཟླ་༡༡་པའི་འོས་བསྡུའི་སྔོན་དུ་ནེའུ་ཡོག་གི་ཁ་མཆུ་གཅིག་པུ་དེ་ཐག་ཆོད་རྒྱུའི་རྣམ་པ་ཞིག་མངོན།།

ཌོ་ནལ་ཊམ་གྱི་སྐབས་ཤིག་གི་ཆབ་སྲིད་ཀྱི་དཀའ་ངལ་སེལ་མཁན་དང་ཕྱིས་སུ་སྐྱོན་འཛུགས་པ་གཙོ་བོར་གྱུར་པའི་མེ་ཁལ་ཀོ་ཧན་

ཌོ་ནལ་ཊམ་གྱི་སྐབས་ཤིག་གི་ཆབ་སྲིད་ཀྱི་དཀའ་ངལ་སེལ་མཁན་དང་ཕྱིས་སུ་སྐྱོན་འཛུགས་པ་གཙོ་བོར་གྱུར་པའི་མེ་ཁལ་ཀོ་ཧན་གྱིས་ང་ལ་ཌོ་ནལ་ཊམ་གྱིས་དེ་སྒྲུབས་ཤོག་ཅེས་༢༠༡༦་གི་འོས་བསྡུའི་སྔོན་དུ་འཁྲིག་སྦྱོར་གློག་བརྙན་འཁྲབ་མཁན་སི་ཊོར་མཱི་ཌེ་ནིལ་ཁ་འགོག་དངུལ་སྒོར་༡༣༠༠༠༠་སྤྲད་པ་ཡིན། ལོ་བཅུའི་སྔོན་དུ་ཌོ་ནལ་ཊམ་དང་སི་ཊོ་མཱི་ཌེ་ནིལ་གཉིས་ཞག་མ་གཅིག་ལ་ལུས་འབྲེལ་བྱུང་བ་བཤད་དུ་མ་འཇུག་ཅེས་བཀོད་ཁྱབ་བཏང་བ་རྣམས་དག་སྐྱེལ་བྱས་པའི་རྗེས་སུ་ནག་ཉེས་ཡོད་པའི་ཐག་གཅོད་བྱུང་འདུག

འཁྲིག་སྦྱོར་གློག་བརྙན་འཁྲབ་མཁན་སི་ཊོར་མཱི་ཌེ་ནིལ་

ཁ་འགོག་དངུལ་སྒོར་སྤྲད་པ་ཁྲིམས་འགལ་མིན་ཡང་ཌོ་ནལ་ཊམ་གྱི་ས་ཁང་ཚོང་ལས་སྒྲིག་འཛུགས་ནས་ཚོང་ལས་ཀྱི་རྩིས་ཁྲ་ཁག་རྫུན་མ་བཟོས། ༢༠༡༧་ལོར་ཌོ་ནལ་ཊམ་གྱིས་མེ་ཁལ་ཀོ་ཧན་དངུལ་སྐྱིན་འཇལ། དངུལ་སྐྱིན་དེ་མེ་ཁལ་ཀོ་ཧན་གྱིས་ཁྲིམས་དོན་སྲི་ཞུ་བསྒྲུབས་པའི་གླ་ཕོགས་ཡིན་ཞེས་རྫུན་བཤད་པ་ཁྲིམས་འགལ་ཡིན་པས་ཉེས་འཛུགས་༣༤་ཡི་ཐོག་ཏུ་ནག་ཉེས་ཐོན། ཊམ་གྱི་དག་འབུད་ཁྲིམས་རྩོད་པ་ཚོས་ཀོ་ཧན་གྱིས་ཌོ་ནལ་ཊམ་ལ་མ་བཤད་པར་རང་ཐད་དུ་དངུལ་ཁང་ནས་སི་ཌོ་མཱི་ཌེ་ནིལ་གྱི་ཁྲིམས་རྩོད་པར་ཁ་འགོག་དངུལ་སྒོར་བརྒྱུད་བསྐུར་བྱས་པ་རེད་ཅེས་རྩོད་པ་འཕངས།།

སྲིད་འཛིན་ཟུར་པ་ཊམ་གྱིས་རང་ལ་ཉེས་འཛུགས་ཕོག་པ་ཚང་མར་ངོས་ལེན་མ་ཞུས། ནེའུ་ཡོག་གི་བཤེར་དཔང་ལྷན་ཚོགས་ཀྱི་ཚོགས་མི་རྣམས་འོས་བསྡུའི་ཐོ་གཞུང་དུ་བལྟས་ནས་ཨོ་ཚོད་ཀྱིས་བདམས། ཁོ་ཚོས་བདུན་ཕྲག་ལྔའི་རིང་དཔང་པོ་༢༢་ཀྱི་དག་སྐྱེལ་ཁག་ལ་མཉན། དེ་ནས་གཟའ་ཟླ་བའི་ཉིན་ཆུ་ཚོད་མང་པོར་ཌོ་ནལ་ཊམ་གྱི་དག་འབུད་ཁྲིམས་རྩོད་པ་ཊོ་ཌི་བྷ་ལན་ཆེ་དང་ཁྲིམས་སྦྱོང་བ་ཇཱོ་ཤི་བ་སི་ཊེང་ལ་སི་གཉིས་ཀྱི་དགག་སྒྲུབ་ལ་མཉན།།

ནེའུ་ཡོག་གི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཝན་མར་ཆན་

བྷ་ལན་ཆེས་ཆུ་ཚོད་གསུམ་གྱི་མཇུག་བསྡུའི་རྩོད་པའི་སྐབས་སུ་ཀོ་ཧན་གྱིས་ཌོ་ནལ་ཊམ་ཁྲིམས་ལ་སྦྱོར་དགོས་ཟེར་ནས་བདེན་དཔང་བྱས་པ་རེད། ཀོ་ཧན་ནི་རྫུན་རྐྱལ་དང་ཁྲིམས་རྩོད་པའི་ཆེད་ལས་གཉེར་མི་ཆོག་པའི་ནག་ཉེས་ཐོན་པའི་མི་ཞིག་རེད། ཁོ་པ་དུས་ཐམས་ཅད་ཀྱི་རྫུན་རྐྱལ་བླ་ན་མེད་པ་དང་མི་གཟུགས་དོགས་ཟོན་བྱ་དགོས་ས་ཞིག་རེད་ཅེས་སྐྱོན་བཙུགས། ཁོ་པས་ཀོ་ཧན་གྱིས་ཌོ་ནལ་ཊམ་གྱི་བཟོ་ཚོང་ཁང་ནས་ཨ་སྒོར་༦༠༠༠༠་བརྐུས་པ་རེད། ཁོ་པའི་བདེན་དཔང་ཚིག་ཐོར་ཡིད་རྟོན་མི་རུང་། ཀོ་ཧན་ལ་འདས་པའི་ལོ་མང་རིང་རྫུན་བཤད་པའི་ལོ་རྒྱུས་ཡོད་པ་དང་ཡ་མཚན་པ་ཞིག་ལ་རྫུན་ཐམས་ཅད་ཌོ་ནལ་ཊམ་གྱི་དོན་དུ་བཤད་པ་ཡིན་ཟེར་གྱི་ཡོད་པ་རེད། བཤེར་དཔང་ཚོས་རྒྱལ་ཁབ་འདིའི་སྲིད་འཛིན་༤༥་པར་ནག་ཉེས་མེད་པའི་རྒྱུ་མཚན་ཇི་སྙེད་ཅིག་ཡོད་པ་ཤེས་གསལ་རེད་ཅེས་བསྟན།།

ཁྲིམས་སྦྱོར་བ་སི་ཊིང་ལ་སིས་ཆུ་ཚོད་ལྔ་མ་ཟིན་ཙམ་གྱི་མཇུག་བསྡུའི་རྩོད་པའི་སྐབས་སུ་ཀོ་ཧན་ལ་ནོར་འཁྲུལ་ཡོད་པ་བདེན་པ་རེད། ཡིན་ནའང་དེ་ནི་གཙོ་བོ་མ་རེད། ཌོ་ནལ་ཊམ་གྱིས་༢༠༡༦་ལོ་འོས་བསྡུ་རུལ་སུངས་སུ་འགྱུར་དུ་འཇུག་རྒྱུའི་ངན་ཇུས་བཤམས་པ་རེད། ༢༠༡༥་ལོར་ཌོ་ནལ་ཊམ་དང་ཀོ་ཧན། རྒྱལ་ཡོངས་རྩད་གཅོད་ཅེས་ཚོར་སྐྱེན་སློང་བའི་ཚགས་པར་བཟའ་བཅའི་ཚོང་ཁང་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་པ་དེའི་དཔར་འགྲེམ་པ་ཌེ་ཝི་ཌི་ཕེ་ཀར་བཅས་ཀྱིས་ཌོ་ནལ་ཊམ་ལ་བསྟོད་བསྔགས་མིན་པའི་རྩོམ་ཡིག་རྣམས་ཉོས་ནས་མ་བཏོན། ཊམ་གྱི་ཆབ་སྲིད་ཁ་གཏད་པ་ཚོར་ནག་ཐིག་འབེབས་པ་དང་ངན་སྨོས་ཀྱི་རྩོམ་ཡིག་འབྲི་རུ་བཅུག དེ་ནི་དམངས་གཙོ་མགོ་རྟིང་སློག་ཐབས་རེད། སི་ཊོ་མཱི་ཌེ་ནིལ་ལ་ཁ་འགོག་དངུལ་སྒོར་སྤྲད་པའང་དེ་ལྟར་རེད་ཅེས་རྩོད་པ་འཕངས།།

རྒྱལ་ཡོངས་རྩད་གཅོད་ཅེས་ཚོར་སྐྱེན་སློང་བའི་ཚགས་པར་བཟའ་བཅའི་ཚོང་ཁང་དུ་ཚོང་འགྲེམ་བྱེད་ཀྱི་ཡོད་པ་དེའི་དཔར་འགྲེམ་པ་ཌེ་ཝི་ཌི་ཕེ་ཀར་

ཁྲིམས་སྦྱོར་བ་ཚོས་༢༠༡༥་ལོའི་ཕྱི་ཟླ་༨་པའི་ཚོགས་འདུ་དེ་ལ་ཊམ་མཁར་ལྕོག་གི་ངན་ཇུས་ཞེས་མིང་བཏགས། གཟའ་ཕུར་བུའི་ཉིན་ཞོགས་པར་བཤེར་དཔང་ལྷན་ཚོགས་ཀྱིས་ལས་འཕྲོ་མ་བསྐྱངས་གོང་དེར་བདེན་དཔང་ཚིག་ཐོ་རྣམས་བསྐྱར་དུ་ཀློགས་ཞེས་རེ་བ་བཏོན། ཁོ་ཚོས་བདེན་དཔང་ལ་ཡང་སྐྱར་མཉན་པའི་རྗེས་སུ་ནག་ཉེས་ཡོད་མེད་ཐག་བཅད། སི་ཊིང་ལ་སིས་ཚགས་པར་དེ་༢༠༡༦་ལོའི་ཊམ་གྱི་འོས་བསྡུའི་ལས་འགུལ་འགེབས་སྤྱད་ཅིག་རེད། ཅིའི་ཕྱིར་ཞེ་ན་ཚགས་པར་དེས་ནེའུ་ཡོག་གྲོང་ཁྱེར་དུ་ཊམ་ཁང་ཆེན་གྱི་སྒོ་སྲུང་བ་ཞིག་ལ་ཨ་སྒོར་༣༠༠༠༠་སྤྲད། སྒོ་སྲུང་བས་ཌོ་ནལ་ཊམ་གྱིས་ནལ་བུ་ཞིག་བཟོས་པ་རེད་ཅེས་བཤད་ཀྱི་ཡོད་པ་གསང་དུ་བཅུག མཐའ་མཇུག་སྐད་ཆ་དེ་རྫུན་ཡིན་པ་ར་འཕྲོད། ད་དུང་ཁེ་རེན་མེཀ་དྷུ་གྷལ་ཞེས་པའི་ཕོ་འགུགས་དུས་དེབ་ཀྱི་དཔེ་སྟོན་མ་ཞིག་གིས་༢༠༠༦་ནས་༢༠༠༧་བར་དུ་ཌོ་ནལ་ཊམ་ལ་ཟླ་བ་མང་པོར་འགབ་མཐུན་བྱས་པ་ཡིན་ཟེར་བ་ཁ་འགོག་ཐབས་སུ་ཨ་སྒོར་༡༥༠༠༠༠་སྤྲད།།

ཌོ་ནལ་ཊམ་གྱིས་འགབ་མཐུན་དེ་ངོས་ལན་མ་བྱས་ཀྱང་མེཀ་དྷུ་གྷལ་གྱིས་ཁས་བླངས། ཕེ་ཁར་གྱིས་༢༠༡༧་ལོར་ཌོ་ནལ་ཊམ་སྲིད་འཛིན་དུ་གྱུར་པ་དང་ཕོ་བྲང་དཀར་པོའི་ར་སྐོར་ནང་དུ་འགྲོ་བའི་སྐབས་ཤིག་ལ་མེཀ་དྷུ་གྷལ་བདེ་པོ་རེད་དམ་ཞེས་དྲིས་པ་ངོས་ལེན་ཞུས།།

སི་ཊོ་མཱི་ཌེ་ནིལ་དང་ཌོ་ནལ་ཊམ་འགབ་མཐུན་བྱུང་མིན་ཐད་ཁྲིམས་སྦྱོར་བ་སི་ཊིང་ལ་སིས་འདི་ལྟར་བཤད། བཤེར་དཔང་ལྷན་ཚོགས་ཀྱི་ཚོགས་མི་ཚོས་༢༠༡༦་གི་འོས་བསྡུ་མ་བྱས་པའི་ལོ་བཅུའི་ཡར་སྔོན་དུ་ཌོ་ནལ་ཊམ་ཞག་འཁྲིག་སྦྱོར་གློག་བརྙན་འཁྲབ་མཁན་ཞིག་གི་མཉམ་དུ་ཞག་མ་གཅིག་ལ་ཉལ་ཡོད་མེད་ལ་སུས་དོ་སྣང་བྱ་རྒྱུ་རེད་བསམ་སྲིད། མི་མང་པོས་དེ་ལྟར་བསམ་གྱི་རེད། ཨ་མི་རི་ཀའི་མི་དམངས་ལ་རང་ཐད་ནས་དེ་ལ་དོ་སྣང་ཡོད་མེད་ཐག་གཅོད་བྱེད་པའི་ཐོབ་ཐང་ཡོད་པ་མ་རེད་ཅེས་བཤད་ཐུབ་རྒྱུ་ཁག་པོ་རེད་ཟེར།།

བྷ་ལན་ཆེས་བཤེས་དཔང་ལྷན་ཚོགས་ལ་སྲིད་འཛིན་ཊམ་ཉེས་མེད་རེད། ཁོང་གི་ནག་ཉེས་ཅི་ཡང་བསགས་ཡོད་པ་མ་རེད། ས་ཁུལ་གྱི་ཁྲིམས་འཛིན་པས་དཔང་རྟགས་འདང་ངེས་ཤིག་སྟོན་ཐུབ་མ་སོང་། དེ་ནི་གསལ་པོ་རེད། ཁ་མཆུ་དེར་ཉན་ཞིབ་བྱེད་བཞིན་པའི་བཤེར་དཔང་ལྷན་ཚོགས་ཀྱིས་མགྱོགས་མྱུར་དུ་ཉེས་མེད་བཅད་ཁྲ་བསྒྲག་དགོས་བསྐུལ།།

ཁྲིམས་སྦྱོར་བ་སི་ཊིང་ལ་སིས་ཁྲིམས་བཤེར་ལྷན་ཚོགས་ཀྱི་ཚོགས་མི་ཚོར་འུར་སྒྲོགས་ལ་མ་མཉན། གནད་དོན་ཕལ་པ་དེ་སྣང་མེད་དུ་ཞོག གལ་སྲིད་ཁྱེད་ཚོས་དེ་ལྟར་བསྒྲུབ་ཐུབ་ན་མི་ཚོས་དག་འབུད་པར་ནག་ཉེས་ཡོད་པའི་དཔང་རྟགས་སྟོབས་ཤུགས་ཅན་ཞིག་བསྟན་ཡོད་པ་མཐོང་ཐུབ། ཁྲིམས་ནི་ཁྲིམས་རེད། དེ་ནི་འདྲ་མཉམ་ཞིག་ཁྱབ་དགོས། དག་འབུད་པ་དེར་དམིགས་བསལ་གྱི་ཐོབ་ཐང་སྤྲོད་དོན་མེད་ཅེས་བཤད་འདུག