ཨ་རིའི་མངའ་སྡེ་མང་པོས་ཊིག་ཏོག་ལ་ཁྲིམས་གཏུག་བྱས།

ཨ་རིའི་མངའ་སྡེ་མང་པོས་ཊིག་ཏོག་ལ་ཁྲིམས་གཏུག་བྱས།

Your browser doesn’t support HTML5

ཨ་རིའི་མངའ་སྡེ་མང་པོས་ཊིག་ཏོག་ལ་ཁྲིམས་གཏུག་བྱས།

རེས་གཟའ་མིག་དམར་ཉིན་ཨ་རིའི་མངའ་སྡེ་༡༣ དང་ཝ་ཤིན་ཌོན་བཅས་ཀྱིས་ཊིག་ཊོག་སྤྱི་ཚོགས་དྲ་ལམ་ལ་ཁྲིམས་གཏུགས་བྱས་འདུག་པ་དང། སྤྱི་ཚོགས་དྲ་ལམ་དེས་ཨ་རིའི་ནང་གི་གཞོན་སྐྱེས་ཚོར་གནོད་སྐྱོན་བྱེད་བཞིན་པ་དང། གཞོན་སྐྱེས་ཚོ་སྲུང་སྐྱོབ་ཐུབ་གྱི་མེད་པའི་སྐོར་བཤད་ནས་ཨ་རིའི་མངའ་སྡེ་ཁག་གིས་སྤྱི་ཚོགས་དྲ་ལམ་དེར་གྱོད་འཛུགས་བྱས་འདུག

དེའི་གོང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་ཁེལ་ཕོར་ནྱི་མངའ་སྡེ། དེ་བཞིན་རྒྱལ་ས་ལྦ་ཤིན་ཊོན་དང། ཨ་རིའི་མངའ་སྡེ་གཞན་༡༡ གིས་སྤྱི་ཚོགས་དྲ་ལམ་དེར་ཁྲིམས་གཏུག་བྱས་ཟིན་ཡོད་པར་བརྟེན་ཨ་རིའི་ནང་ཊིག་ཊོག་དྲ་ལམ་ལ་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་བཞིན་པ་དེ་ད་དུང་དཀའ་ངལ་འཕར་མ་བཟོས་འདུག

ཊིག་ཊོག་དྲ་ལམ་གྱིས་ཆེད་དུ་མངགས་ནས་ཨ་རིའི་ནང་གི་ལོ་ཆུང་ན་གཞོན་ཚོས་སྤྱི་ཚོགས་དྲམ་ལ་ཧ་ཅང་དུས་ཡུན་རིང་པོ་དང་ཐེངས་མང་པོ་ལྟ་ཀློག་བྱེད་ཀྱི་ཡོད་པ་མ་ཟད། ཊིག་ཏོག་གིས་དྲ་ལམ་ནང་གི་གནས་ཚུལ་ལ་སྟངས་འཛིན་ནུས་པ་ལྡན་པ་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་དེ་དག་དོན་དངོས་ལ་བདེན་པ་མིན་སྐོར་བཤད་དེ་མངའ་སྡེ་དེ་ཚོས་ཊིག་ཊོག་ལ་ཁྲིམས་གཏུག་བྱས་ཡོད་པ་རེད།

ཨ་རིའི་མངའ་སྡེ་ཁེལ་ཕོར་ནྱིའི་ཁྲིམས་དོན་སྤྱི་ཁྱབ་པ་རོན་ བྷོན་ཏས་གསལ་བསྒྲགས་སྤེལ་བའི་ནང། ཊིག་ཊོག་དྲ་ལམ་ཁང་གིས་བུ་ཕྲུག་གི་བདེ་སྡུག་ལས་ཁེ་བབ་གཙོ་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ན་གཞོན་ལོ་ཆུང་ཚོས་ག་རེ་ལྟ་དགོས་མིན་སོགས་ཐག་གཅོད་ཁ་གསལ་བྱེད་ཐུབ་པའི་ནུས་པ་མེད་པར་བརྟེན་ཊིག་ཊོག་དྲ་ལམ་ཁང་གིས་ཆེད་དུ་མངགས་ནས་ལོ་ཆུང་ན་གཞོན་ཚོར་དམིགས་འཛུགས་བྱེད་ཀྱི་ཡོད་རེད་ཅེས་གྱོད་འཛུགས་བྱས་འདུག

ལོ་ཆུང་ཚོས་དྲ་ལམ་ཁང་དེའི་ནང་དུས་ཚོད་གང་མང་གཏང་རྒྱུུར་ཊིག་ཊོག་གིས་དམིགས་བཀར་ཐབས་ཇུས་བྱེད་ཀྱི་ཡོད་ལུགས་དང། ལོ་ཆུང་ཚོས་སྤྱི་ཚོགས་དྲ་ལམ་དེའི་ནང་དུས་ཚོད་ཧ་ཅང་མང་པོ་གཏང་གི་ཡོད་པར་བརྟེན་ལོ་གཞོན་ཚོའི་སེམས་ཁམས་འཁྲོད་བསྟེན་ལ་གནོད་སྐྱོན་ཆེན་པོ་བཟོ་ཡི་འདུག་ཅེས་ནིའུ་ཡོག་མངའ་སྡེ་ཁྲིམས་དོན་སྤྱི་ཁྱབ་པས་འགྲེལ་བརྗོད་བྱས་འདུགག

རེས་གཟའ་མིག་དམར་ཉིན་ཊིག་ཏོག་གིས་གསལ་བསྒྲགས་སྤེལ་བའི་ནང། མངའ་སྡེ་ཁག་གིས་དྲ་ལམ་ཁང་འདིར་གྱོད་འཛུགས་བྱས་པ་རྣམས་ལ་ངོས་ལེན་བྱེད་ཀྱི་མེད་ལུགས་དང། མངའ་སྡེ་དེ་དག་གིས་གྱོད་འཛུགས་བྱས་པ་མང་ཆེ་བ་དངོས་བདེན་མིན་པ་མ་ཟད། གཞན་ལ་མགོ་བསྐོར་དང། སྤྱི་ཚོགས་དྲ་ལམ་ཁྱོན་ཡོངས་ཀྱི་དཀའ་ངལ་རྣམས་སེལ་རྒྱུར་ང་ཚོ་དང་མཉམ་ལས་བྱས་ཏེ་ཐབས་ལམ་འཚོལ་རྒྱུ་ལས་ལྡོག་སྟེ་ཁྲིམས་གཏུགས་བྱས་པ་འདི་ནི་བློ་འགྱོད་འོས་པ་ཞིག་རེད་ཅེས་བཤད་ཡོད་པ་རེད།

ཚོང་གཉེར་ཁང་དེས་མུ་མཐུད་དེ་བརྗོད་དོན་ལ། སྤྱི་ཚོགས་དྲ་ལམ་བེད་སྤྱོད་བྱེད་ཕྱོགས་ཐད་ལ་ཚད་བཀག་བཟོས་འདུག་པ་མ་ཟད། ལོ་ན་༡༦ མན་གྱིས་གནས་ཚུལ་གང་བྱུང་ལྟ་མི་ཆོག་པ་བཟོས་ཡོད་རེད་ཅེས་དྲ་ལམ་ཁང་དེས་བཤད་འདུག

ཨ་རིའི་རྒྱལ་སའི་ཁུལ་གྱི་ཁྲིམས་དོན་སྤྱི་ཁྱབ་པ་བྷི་རྱན་ ཤ་ཝབ་ཀྱིས་ཊི་ཊོག་ གིས་ཐད་གཏོང་ལས་རིམ་ཁག་ཁྲིམས་ཐོག་ཆོག་མཆན་མེད་པའི་དངུལ་གཏོང་ལེན་བྱ་རྒྱུའི་ཚོང་གཉེར་གྱི་ཡོད་རེད་ཅེས་དང། དྲ་ལམ་ཁང་དེ་ནི་ཉེན་འཚབ་ཅན་ཞིག་ཡིན་པ་དང། དྲ་ལམ་ཁང་འདི་ཆེད་དུ་མངགས་ནས་ལོ་གཞོན་ཚོ་ངན་ལང་ཤོར་བཟོ་རྒྱུར་བཟོས་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཨ་རིའི་མངའ་སྡེ་ཁག་གིས་སྤྱི་ཚོགས་དྲ་ལམ་འདིར་གྱོད་འཛུགས་བྱས་པའི་ནང། དྲ་ལམ་ཁང་ལ་ཁེ་བབ་བྱུང་བ་རྣམས་ཨ་རིའི་མངའ་སྡེ་ནེའུ་ཡོག་ནང་གི་ལོ་ཆུང་ཚོའི་ཆེད་དུ་འགྲོ་གྲོན་གཏང་དགོས་སྐོར་ཡང་གསལ་ཡོད།

ཨ་རིའི་མངའ་སྡེ་དེ་དག་གིས་ཊིག་ཊོག་ལ་གྱོད་འཛུགས་བྱས་རྗེས་ཨ་རིའི་ནད་གཞི་སྔོན་འགོག་ལྷན་ཁང་གིས་སྙན་ཐོ་འདོན་སྤེལ་བྱས་པའི་ནང། ཨ་རིའི་ནང་གི་གཞོན་སྐྱེས་ཚོའི་ཁྲོད་ལ་སྤྱི་ཚོགས་དྲ་ལམ་དར་ཁྱབ་ཇི་ཙམ་ཆེན་པོ་ཡོད་པ་དང་། དེའི་རྐྱེན་གྱིས་གཞོན་སྐྱེས་ཚོའི་སེམས་ཁམས་འཕྲོད་བསྟེན་ལ་གནོད་སྐྱོན་ཇི་ཙམ་བཟོ་སྐོར་འཐེར་འདོན་བྱས་ཡོད་པ་རེད།

སྙན་ཐོ་དེའི་ནང་ཨ་རིའི་ནང་གཞི་རིམ་འོག་བའི་སློབ་ཕྲུག་བཞི་ནས་གསུམ་གྱིས་དུས་ཡིན་ནའང་སྤྱི་ཚོགས་དྲ་ལམ་དེར་ལྟ་སྤྱོད་བྱེད་ཀྱི་ཡོད་པ་དང་། འཛིན་རིམ་མཐོ་བའི་སློབ་ཕྲུག་བརྒྱ་ཆ་༣༠ ཙམ་གྱིས་ཉིན་མ་རེར་སྤྱི་ཚོགས་དྲ་ལམ་ཆུ་ཚོད་གཅིག་ལྷག་བལྟ་ཀློག་བྱེད་ཀྱི་ཡོད་སྐོར་གསལ་འདུག

སྤྱི་ཚོགས་དྲ་ལམ་བཀོལ་སྦྱོད་མང་པོ་བྱེད་མཁན་སློབ་ཕྲུག་བརྒྱ་ཆ་༤༣ ཙམ་གྱིས་བཤད་དོན་ལ། ཁོང་ཚོ་དུས་རྟག་ཏུ་སེམས་པ་སྐྱོ་བ་དང། རེ་བ་མེད་པའི་གནས་ཚུལ་ཡོང་གི་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་འདུག་པ་དང་། དེ་བཞིན་ཁོང་ཚོར་དྲ་ལམ་དང་སློབ་གྲྭའི་ནང་བསྙད་བཅོས་མང་པོ་གཏོང་གི་ཡོད་པ་དང། རང་ཤི་རྒྱག་རྒྱུའི་བསམ་བློ་མང་བ་བཏང་གྱུར་གྱི་ཡོད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

རུའི་ཊར་གསར་ཁང་དང་སི་ཨན་ཨན་ན་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།