༄༅།། རྒྱ་གར་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་འཚོ་རྟེན་གཙོ་བོ་ཞིག་ནི་དགུན་ཚོང་ཡིན་པ་དང་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་ལོ་འདིར་བོད་པ་སུད་ཚོང་བའི་ལོ་གཅིག་གི་ཡོང་འབབ་ལ་གྱོང་གུད་ཆེན་པོ་འཕོག་རྒྱུའི་ཉེན་ཁ་ཡོད་འདུག སྤྱིར་ད་ལྟའི་དུས་འདིར་བོད་པ་སུད་ཚོང་བ་མང་ཆེ་བས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་པན་ཇབ་མངའ་སྡེའི་ལུ་དྷི་ཡ་ན་གྲོང་ཁྱེར་དུ་འཚང་ཁ་ཤིག་ཤིག་ཅ་དངོས་ཉོ་སྒྲུབ་བྱེད་པའི་དུས་ཚོད་ཡིན་མོད། འོན་ཀྱང་ད་ལྟ་ནད་ཡམས་འདིའི་རྐྱེན་པས་ལུ་དྷི་ཡ་ན་ས་གནས་སུ་བོད་པ་སུད་ཚོང་བ་གཅིག་ཀྱང་སླེབས་མེད་པའི་གནས་ཚུལ་ཐོན་འདུག
བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡེ་ཤེས་ཕུན་ཚོགས་ལ་ལོ་འདིར་སུད་ཚོང་སྐོར་བཅར་འདྲི་ཞུས་པར་བོད་པ་སུད་ཚོང་བ་མང་ཆེ་བར་ཚོང་ལས་གཉེར་འདོད་ཡོད་ཀྱང་ནད་ཡམས་འདིའི་ཛ་དྲག་ཆེ་ཆུང་ལ་རག་ལས་ཡོད་ཅིང་། གཙོ་བོ་ཕྱི་ཟླ་༨་པའི་ཚེས་༡༥་བར་དུ་སྒུག་ནས་རིམ་བཞིན་བལྟ་རྒྱུའི་ཐག་གཅོད་བྱུང་སོང་ཞེས་ལན་འདེབས་བྱས་བྱུང་།།
ཁོང་གིས་མུ་མཐུད་དུ་བཤད་པ་ལྟར་ན་ལྡི་ལི་དང་ལུ་དྷི་ཡ་ན་གྲོང་ཁྱེར་གྱི་རྒྱ་གར་བའི་ཚོང་པ་ཚོས་བོད་པ་སུད་ཚོང་བ་ཚོར་ཅ་དངོས་གང་དགོས་མཁོ་འདོན་བྱ་རྒྱུར་དཀའ་ངལ་དེ་ཙམ་མེད་པའི་གྲོས་སྡུར་བྱུང་སོང་ཞེས་བཤད། ལུ་དྷི་ཡ་ན་གྲོང་ཁྱེར་གྱི་རྒྱ་གར་བའི་ཚོང་པ་ཀ་པུར་གྱིས་འདི་ག་རླུང་འཕྲིན་ཁང་ལ་ནད་ཡམས་འདིའི་རྐྱེན་པས་ལས་མི་མེད་པའི་དཀའ་ངལ་འཕྲད་ཀྱི་འདུག དེས་ན་འདི་ལོ་ཅ་དངོས་བརྒྱ་ཆ་༢༥་མ་གཏོགས་བཟོ་ཐུབ་མ་སོང་། དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཕོག་སོང་། བོད་པ་ཚོ་ཅ་དངོས་ཉོ་སྒྲུབ་བྱེད་དུ་སླེབས་ན་ང་ཚོར་གང་ཡོད་པ་རྣམས་བཙོང་ངེས་ཡིན། བོད་པ་ཚོར་ཁྲོམ་སའི་ཆོག་མཆན་འཐོབ་རྒྱུ་ཡིན་མིན་ནི་སོ་སོས་རྩད་གཅོད་བྱ་དགོས་ཞེས་ལན་འདེབས་བྱས་བྱུང་།།
རྒྱ་གར་དུ་གནས་འཁོད་པ་བོད་བཙན་བྱོལ་བ་མང་ཆེ་བའི་འཚོ་རྟེན་ནི་སུད་ཚོང་དང་ཚོང་ལས་ཆུང་ཁག་ཡིན་ཞིང་། འདི་ལོ་ནད་ཡམས་འདིའི་རྐྱེན་པས་དམིགས་བསལ་གྱོང་གུད་ཆེན་པོ་འཕོག་ཉེན་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་པ་ཞིག་ལ་བཅར་འདྲི་ཞུས། ཁོང་གིས་བོད་པ་སུད་ཚོང་བ་དང་ཚོང་པ་རྣམས་ལ་སྐྱེད་ཀ་ཡོད་མེད་ཀྱི་བུན་གཡར་ལས་གཞི་ཁག་ཅིག་མགྱོགས་པོ་གསལ་བསྒྲགས་བྱ་འཆར་ཡོད་ཅེས་ལན་འདེབས་བྱས་ཡོད་པར་མ་ཟད། བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་རྒྱ་གར་རྒྱལ་ཡོངས་ཀྱི་བོད་པ་སུད་ཚོང་བ་ཚོར་ཁྲོམ་ས་༢༣༥་དང་བོད་པའི་ཁྱིམ་ཚང་༣༧༠༠་ཡོད་པའི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Your browser doesn’t support HTML5