གྲོས་ཚོགས་ཚོགས་དུས་དྲུག་པ་ད་དུང་ཡང་འཕྲོ་སྐྱོང་མ་ཐུབ་པར་ལུས་ཡོད་པ།

Your browser doesn’t support HTML5

གྲོས་ཚོགས་ཚོགས་དུས་དྲུག་པ་ད་དུང་ཡང་འཕྲོ་སྐྱོང་མ་ཐུབ་པར་ལུས་ཡོད་པ།

འདི་ཚེས་ ༢༣ རེས་གཟའ་སྤེན་པའི་ཉིན་ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་རྣམ་པར་ཉིན་དེའི་ཉིན་རྒྱབ་གྲོས་ཚོགས་མུ་མཐུད་དུ་ཚོགས་ཐུབ་ཐབས་སྐོར་དང་། གཞི་རིམ་མི་མང་གི་རེ་འབོད་ཚོགས་པའི་ལས་འགུལ་དང་འབྲེལ་བའི་སྐོར་བཅས་གནད་དོན་གཉིས་ཀྱི་ཐོག་ལ་བཞུགས་མོལ་ཚོགས་འདུ་ཞིག་འཚོག་རྒྱུའི་སྤྱི་འཐུས་སོ་སོར་བརྡ་ཁྱབ་གནང་འདུག་ཀྱང་། བཞུགས་མོལ་ཚོགས་འདུ་ཚོགས་ཐུབ་མེད་པ་རེད་འདུག

བཞུགས་མོལ་ཚོགས་འདུའི་ནང་བཅར་ཐབས་མི་གནང་མཁན་གྱི་སྐུ་ཚབ་རྣམ་པའི་ཡིག་ཐོག་གསར་འགོད་གསལ་བསྒྲགས་ཞིག་སྤེལ་བའི་ནང་། གནད་དོན་དང་པོ་དང་འབྲེལ། ཁོང་རྣམ་པས་གྲོས་ཚོགས་ནམ་ཚོགས་ཀྱི་ཚོགས་བརྡར་ངང་སྒུག་བྱེད་བཞིན་ཡོད་སྟབས་ཟུར་དུ་གྲོས་ཚོགས་མུ་མཐུད་ཚོགས་རྒྱུར་བཞུགས་མོལ་ཚོགས་འདུ་གནང་དགོས་མ་མཐོང་ཞེས་དང་། གནད་དོན་གཉིས་པ་གཞི་རིམ་མི་མང་རེ་འབོད་ལས་འགུལ་དང་འབྲེལ་བའི་ཐད་ཚོགས་གཙོའི་གྲོས་ཚོགས་དབུ་འབྱེད་ཀྱི་གསུང་བཤད་དང་། གཞི་རིམ་མི་མང་གི་སྐུ་ཚབ། གོང་འཁོད་སྤྱི་འཐུས་རྣམ་པའི་སྐུ་ཚབ་བཅས་ལ་ཚོགས་གཙོ་སྦྲེལ་པོའི་གསལ་བཤད་གནང་བབ་ལ་ཞིབ་སྐབས་བཞུགས་མོལ་ཚོགས་འདུ་ཚོགས་ནས་དོན་ཕན་གསོས་པ་ཞིག་ཡོང་བཟོ་མ་མངོན་སྟབས་ཚོགས་བཅར་མ་གནང་བ་ཡིན་སྐོར་གསུངས་གནང་སོང་།
གནད་དོན་དེའི་ཐདགསར་འགོད་པས་ཁོང་རྣམ་པའི་སྐུ་ཚབ་ཚོར་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཐབས་ལམ་ཞིག་ཐོན་སྲིད་པས་ཚོགས་འདུ་དེར་བཅར་མི་དགོས་པའི་རྒྱུ་མཚན་ཇི་ཡིན་བཀའ་འདྲི་ཞུ་སྐབས། ཁོང་རྣམ་པའི་སྐུ་ཚབ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་ཀྱིས། གཅིག་ནས་ཚོགས་གཙོའི་གྲོས་ཚོགས་དབུ་འབྱེད་ཀྱི་གསུང་བཤད། སྐུ་ཚབ་མཇལ་འཕྲད་སྐབས་ཀྱི་བཀའ་མོལ། ད་ལྟའི་གྲོས་ཚོགས་འཕྲོ་སྐྱོང་མི་ཐུབ་པའི་གནང་བབ་གང་ལ་གཞིགས་ཀྱང་གྲོས་མོལ་ཚོགས་འདུའི་ཐོག་ནས་དཀའ་ངལ་སེལ་ཐུབ་པའི་གཞི་རྩ་མེད་པ་གསུངས་གནང་སོང་།

དེ་བཞིན་ཚོགས་གཙོ་བགྲེས་གཞོན་གཉིས་ལ་གསར་འགོད་པས་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་མིན་གྱི་གནས་སྟངས་ཇི་ཆགས་སྐོར་བཀའ་ཞུ་ཐབས་བྱས་ཀྱང་བཅར་འདྲིར་དང་ལེན་གནང་མ་བྱུང་།
དེ་དང་ཕྱོགས་མཚུངས་བདེ་སྲུང་ལས་ཁུངས་ནས་གནས་ཚུལ་གཙང་མ་མ་བཟོས་བར་དུ་གྲོས་ཚོགས་སུ་བཅར་རྒྱུ་མིན་གསུངས་མཁན་བཞུགས་མོལ་ཚོགས་འདུར་བཅར་ཐབས་གནང་མཁན་གྱི་སྤྱི་འཐུས་རྣམ་པའི་སྐུ་ཚབ་དཀོན་མཆོག་ཡར་འཕེལ་ལགས་ཀྱིས་ད་ལྟའི་གྲོས་ཚོགས་འཕྲོ་སྐྱོང་མ་ཐུབ་པར་བློ་འཚབ་ཡོད་ཀྱང་། གཙོ་བོ་བདེ་སྲུང་ལས་ཁུངས་ཀྱི་གསལ་བཤད་

དེ་གང་མགྱོགས་གནང་ཐུབ་ན་གྲོས་ཚོགས་མུ་མཐུད་ཚོགས་གང་མགྱོགས་ཐུབ་རྒྱུ་ཡིན་པ་གསུངས་གནང་སོང་།
གཞི་རྩའི་དེ་རིང་ཕྱི་ཟླ་ ༩ ཚེས་ ༢༥ རེས་གཟའ་ཟླ་བ་འདི་བཞིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་དྲུག་པ་དེ་ཆགས་ཀྱི་ཡོད་ཀྱང་ད་དུང་ཡང་གྲོས་ཚོགས་འཚོགས་མ་ཐུབ་པར་ལྷག་ཡོད་པ་རེད། ཚོགས་དུས་དྲུག་པའི་རག་ཟིན་ལས་རིམ་གཞིར་བཟུང་བྱས་ན་ད་ལྟའི་ཆར་ལས་ཉིན་གསུམ་ལས་ལྷག་མེད་པ་དང་། ཕྱི་ཚེས་ ༢༧ ཉིན་སྤྱི་འཐུས་རྣམ་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཀྲིས་ལྗོངས་སུ་ཆིབས་བསྒྱུར་གྱི་མཛད་རིམ་ཐོག་ལྷན་བཅར་ཞུ་རྒྱུ་ཡིན་འདུག་པས། དེར་སོང་གྲོས་ཚོགས་ཀྱི་ལས་རིམ་འཕྲོ་སྐྱོང་ཆེད་ཉིན་གཉིས་ལས་ལྷག་མེད་པ་རེད།