བལ་ཡུལ་གྱི་རྒྱལ་སར་གནས་འཁོད་པ་ཚོར་ཁང་གླ་རོགས་རམ།

Your browser doesn’t support HTML5

བལ་ཡུལ་གྱི་རྒྱལ་སར་གནས་འཁོད་པ་ཚོར་ཁང་གླ་རོགས་རམ།

༄༅།། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུར་གནས་སྡོད་བྱེད་མཁན་བོད་པ་སྐྱབས་བཅོལ་བ་ཚོས་ཡུལ་མིའི་ཁང་པ་གླས་ནས་འཚོ་གནས་བྱེད་བཞིན་ཡོད་ཅིང་། ལོ་ལྟར་ཁང་གླ་འཕར་བཞིན་པའི་སྟབས་ཀྱིས་བོད་པ་བཙན་བྱོལ་བ་དེ་དག་གི་འགྲོ་སོང་དང་དཀའ་ངལ་ཆེ་ཤོས་ནི་ཁང་གླ་དུས་ཐོག་ཏུ་སྤྲོད་ཐུབ་རྒྱུ་ཡིན་མིན་ལ་ཐུག་འདུག ད་ལོ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་སྤྱི་ཟླ་༣་པའི་ཟླ་མཇུག་ནས་འགྲོ་འོང་བཀག་སྡོམ་བྱེད་བཞིན་པའི་སྐབས་འདིར་རེ་བ་དང་གདོང་ལེན་ཚོགས་པ། གཏེར་སྒར་ངེས་དོན་འོད་གསལ་ལུང་རིགས་དར་རྒྱས་གླིང་དགོན་པ་བཅས་ཀྱིས་མང་ཚོགས་ལ་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ནས་ཁང་གླའི་དངུལ་སྒོར་རོགས་རམ་གནང་ཡོད་པས་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་བཅར་འདྲི་ཞུས་ཡོད་པ་ཡིན།།

གཏེར་སྒར་དགོན་པའི་ཕྱག་མཛོད་བླ་མ་ལེགས་བཤད་ལགས་ཀྱི་བརྗོད་དོན་ལྟར་ན། དགོན་པའི་བླ་མ་སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེའི་དགོངས་གཞི་ལམ་སྟོན་ལྟར་བལ་ཡུལ་དུ་གནས་འཁོད་བོད་པ་ཚོར་ཁང་གླ་དང་འཚོ་བའི་དཀའ་ངལ་འཕྲད་ཡོད་པ་རྣམས་ལ་ཆར་པ་ཆུ་གྲོགས་ཞེས་བའི་དཔེ་ལྟར་ཐེངས་འདིར་བལ་སྒོར་ས་ཡ་གསུམ་ནས་ས་ཡ་བཞི་ཡས་མས་ཤིག་རོགས་རམ་གནང་གི་ཡོད་པ་དང་ས་གནས་འགོ་འཛིན་རྣམས་བརྒྱུད་ནས་ཐོ་འགོད་བྱས་པ་ཡིན་། ད་དུང་ཡུལ་མི་དུད་ཁྱིམ་༨༠༠་མ་ཟིན་ཙམ་ལའང་བཟའ་བཅའི་རོགས་རམ་བྱས་ཡོད། གཙོ་བོ་དཀའ་ངལ་འཕྲད་པའི་དུས་སུ་མི་ལ་ཕན་ཐོགས་བྱེད་པའི་ཆེད་དུ་ཡིན་པ་ལས་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེན་པོ་མ་རེད་ཅེས་གསུངས་སོང་།།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བལ་ཡུལ་དུ་གནས་འཁོད་བོད་པ་བཙན་བྱོལ་བ་ཚོར་ཏོག་དབྱིབས་ནད་དུག་ཁྱབ་གདལ་དུས་སུ་ཁྱིམ་སྡོད་བཀག་རྒྱའི་དཀའ་ངལ་སེལ་པར་མཐུན་འགྱུར་རོགས་རམ་ཅི་ཙམ་གནང་ཡོད་མེད་སོགས་ལ་སྐུ་ཚབ་དོན་གཅོད་ཚུལ་ཁྲིམས་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས་པ་ཡིན། ཁོང་གིས་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་འགྲོ་འོང་བཀག་སྡོམ་བྱེད་ཀྱི་ཡོད་པའི་རིང་དེར་རང་ཁོངས་བོད་པ་ཚོར་རོགས་སྐྱོར་འཐོབ་ཐབས་སུ་ཕྱི་རྒྱལ་གྱི་རོགས་ཚོགས་ཁག་བརྒྱུད་ནས་བལ་སྒོར་ས་ཡ་༤་ཡས་མས་ཤིག་རག་བྱུང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནང་བའི་བལ་སྒོར་བྱེ་བ་གཅིག་ལྷག་འབྱོར་གྲབས་ཡོད། ས་གནས་འགོ་འཛིན་རྣམས་བརྒྱུད་ནས་ཁྱབ་ཁོངས་སོ་སོའི་མི་མང་ལ་བཟའ་བཅའ་དང་ཁང་གླ་བཅས་སོགས་ཀྱི་དཀའ་ངལ་ཡོད་པ་ཚོར་མཐུན་འགྱུར་རོགས་རམ་སྤྲོད་རྒྱུ་ཡིན། དེ་བཞིན་ཚོགས་པ་དང་དགོན་སྡེ་རེ་ཟུང་གིས་ཀྱང་གཏོང་ཕོད་ཆེན་པོས་རང་ཁོངས་མང་ཚོགས་ལ་རོགས་རམ་གནང་བཞིན་པར་བསྔགས་བརྗོད་ཡོད་ཅེས་བརྗོད་སོང་།།

མཆོད་འཇོར་ས་གནས་གཞིས་འགོ་ལགས་སུ་བཅར་འདྲི་ཞུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་གཞིས་ལས་ཁང་གིས་ཁང་གླ་སྤྲོད་རྒྱུ་མེད་པར་རོགས་དངུལ་ལེན་རྒྱུར་ཐོ་འགོད་བྱེད་མཁན་མཆོད་འཇོར་ཁྱབ་ཁོངས་མང་ཚོགས་དུད་ཁྱིམ་༣༠༠་བརྒལ་བ་བྱུང་ཡོད་། དེ་མིན་འཇོ་ལ་ཁེལ་དང་རྒྱལ་ས། འཕགས་ཤིང་བཅས་སུ་ས་གནས་འགོ་འཛིན་རྣམས་བརྒྱུད་ནས་ཐོ་འགོད་བྱས་ཡོད་པ་རེད། འདི་དང་དུས་མཚུངས་སུ་བལ་ཡུལ་གཞུང་གིས་ཀྱང་ཁང་པ་གླས་ནས་སྡོད་མཁན་བོད་པ་བཙན་བྱོལ་ཚོར་ཡུལ་མི་ཁང་བདག་ཚོས་ནད་དུག་ཁྱབ་གདལ་གྱི་བཀག་སྡོམ་བྱེད་བཞིན་པའི་རིང་ལ་ཁང་གླ་མི་ལེན་པའམ། ཡང་ན་ཁང་གླ་བརྒྱ་ཆའི་ཕྱེད་ཀ་ལས་མི་ལེན་རྒྱུའི་སྐུལ་ལྕག་ཅིག་གཏོང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཅེས་སྙན་ཞུ་ཕུལ་ཡོད་ཅེས་གསུངས་པ་དང་། བལ་བོ་ཁང་བདག་འགའ་ཤས་ཀྱིས་རང་གི་ཁང་བའི་ནང་དུ་སྡོད་མཁན་མོ་ཡན་ཚོའི་ལག་ནས་ཁང་གླ་ལེན་གྱི་མེད་པར་མ་ཟད། ད་དུང་བཟའ་བཏུང་གི་རོགས་རམ་གནང་བཞིན་པའི་བརྙན་ཐུང་ཁག་ཅིག་ཀྱང་ངོ་དེབ་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་བཀྲམ་འདུག

སྦྱིར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མཐའ་འཁོར་དུ་གཏན་སྡོད་བྱེད་མཁན་བོད་པའི་དུད་ཁྱིམ་གཅིག་གི་ཁང་པ་ཞིག་ལ་ཟླ་རེར་ཉུང་མཐར་ཡང་ཁང་གླ་བལ་སྒོར་༢༠༠༠༠་ནས་༣༠༠༠༠་ཡས་མས་རེ་དང་དེའི་ཐོག་ཏུ་ཆུ་རིན་དང་གློག་རིན་སོགས་ཟུར་དུ་སྤྲོད་དགོས་ཀྱི་འདུག ཁང་བདག་མང་ཆེ་བ་ཞིག་གིས་ལོ་ལྟར་ཁང་གླ་སྤར་བཞིན་ཡོད་པས་ཐེངས་འདིར་རོགས་རམ་ཞུ་མཁན་ཁག་ཅིག་གིས་བརྗོད་དོན་ལྟར་ན། ཉེ་ཆར་སྤྱི་ཟླ་༣་པ་ནས་བཟུང་སྟེ་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ལས་ཀ་གང་ཡང་བསྒྲུབས་ཐུབ་མེད་པས་ཁང་གླ་སྤྲོད་རྒྱུར་ལག་ཏུ་དངུལ་མེད་པས་རོགས་རམ་ཞུ་དགོས་བྱུང་སོང་ཞེས་འགྲེལ་བརྗོད་བྱས་བྱུང་བའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།