ཐེངས་འདིའི་ཀུན་གླེང་ལས་རིམ་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བོད་རིགས་ཚོགས་པ་ཚོས་དབྱར་གསེང་ངམ་དབྱར་སྒར་བོད་ཀྱི་རིག་གཞུང་ཟབ་སྦྱོང་འཚོགས་ཏེ་བོད་པའི་ན་གཞོན་ཚོར་བོད་ཡིག་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་ཞུ་ཐབས་བྱེད་བཞིན་ཡོད་པ་དེའི་ཉམས་མྱོང་དང་དཀའ་ངལ། གྲུབ་འབྲས་བཅས་ཀྱི་ཐད་ནས་བགྲོ་གླེང་ཞུས་ཡོད།
བགྲོ་གླེང་ཞུ་མཁན་ཁོངས་སུ་དབྱར་གསེང་བོད་ཀྱི་རིག་གཞུང་ཟབ་སྦྱོང་ཐེངས་བཅུ་གཉིས་ལ་འཚོགས་མཁན་བྷེལ་ཇེམ་ཆོས་རིག་འཛིན་སྐྱོང་ཁང་གི་སློབ་སྟོན་པ་རྒན་ལྷག་པ་ཚེ་རིང་དང་། བྷེལ་ཇེམ་ཆོས་རིག་འཛིན་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་འཇིགས་མེད་ལགས། དེ་བཞིན་བྱང་ཀེལ་བོད་རིགས་ཚོགས་པའི་སྤྱི་ལོ་༢༠༢༣ ལོའི་ཟླ་བ་གཅིག་གི་དབྱར་གསེང་རིག་གཞུང་ཟབ་སྦྱོང་གོ་སྒྲིག་པ་བཀྲ་ཤིས་དོན་འགྲུབ་ལགས་བཅས་གདན་འདྲེན་ཞུས་ཡོད།
རྒན་ལྷག་པ་ལགས་ཀྱིས་བརྗོད་ན་བྷེལ་ཇེམ་དུ་དབྱར་གསེང་བོད་ཀྱི་རིག་གཞུང་ཐེངས་དང་པོ་འཚོགས་པ་ནས་ད་ལྟ་ཐེངས་བཅུ་གཉིས་བར་དུ་དགེ་སློབ་ཀྱི་གྲངས་ཀ་དང་ཟབ་སྦྱོང་སྤྲད་པའི་ཉམས་མྱོང་སོགས་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པར་གསུང་སོང་། ལྷག་པ་ཚེ་རིང་གིས་ད་ལོ་ནི་ལོ་རྒྱུས་ནང་ནས་སློབ་ཕྲུག་གི་གྲངས་འབོར་མང་ཤོས་ཆགས་གི་ཡོད། ད་ལོ་སློབ་ཕྲུག་༡༢༠ ཕེབས་འདུག དེ་ཡང་ཧྥ་རན་སི་ནས་ཕྲུ་གུ་༡༥ དང་། སུ་ཝེ་ཌན་ནས་ཀྱང་སློབ་ཕྲུག་ཕེབས་ཡོད། ཟབ་སྦྱོང་དེ་ད་ལོ་སྤྱི་ཟླ་༧ ཚེས་༡༠ ནས་༡༧ བར་འཚོགས་པ་རེད། ཅེས་ངོ་སྤྲོད་གནང་བྱུང་།
ཡང་ཁོང་གིས་ནུབ་ཕྱོགས་ལུང་པར་ཟབ་སྦྱོང་འཚོག་རྒྱུ་ཟེར་བ་དངོས་གནས་ཁག་པོ་རེད་ལ། དཀའ་ངལ་ཆེན་པོ་རེད། ནུབ་ཕྱོགས་ལུང་པར་ཕྲུ་གུ་ལ་བརྩི་མཐོང་ཆེན་པོ་ཡོད་དུས་ང་ཚོས་ཟབ་སྦྱོང་འཚོག་དུས་ཕྲུ་གུའི་བདེ་འཇགས་སོགས་ཀྱི་ཐད་ལ་དཀའ་ངལ་ཆེན་པོ་ཡོང་གི་འདུག དགེ་རྒན་ཚོར་མཚོན་ན་ཡང་ཕྲུ་གུ་ཚང་མ་ཉལ་ཚར་བ་དང་བདེ་འཇགས་དོ་དམ་སོགས་ཚང་མ་འགྲུབ་སྐབས་མཚན་གུང་ཆུ་ཚོད་དང་པོ་གཉིས་པ་བར་དུ་མ་གཏོགས་ངལ་གསོ་ཐུབ་ཀི་མ་རེད། གལ་ཏེ་དོན་དག་བྱུང་ན་འགན་ཆ་ཚང་ཁུར་དགོས་པ་རེད། དེ་ལྟར་རུང་ལོ་རེ་རེ་ལ་ཉམས་མྱོང་གསོག་བཞིན་པ་སོགས་ཀྱིས་ད་ལྟ་གྲ་སྒྲིག་སོགས་འཐུས་ཚང་ཡོད་པ་རེད། ཅེས་ཀྱང་འགྲེལ་བརྗོད་གནང་སོང་།
ཡང་འཇིགས་མེད་ལགས་ཐེངས་འདིར་བྷེལ་ཇེམ་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་ཀྱི་གཟའ་མཇུག་བོད་ཡིག་སློབ་གྲྭའི་མཐར་ཕྱིན་སློབ་མ་གཙོས་སློབ་མ་༡༩་ཡིས་གྲུབ་པའི་རུ་ཁག་ཅིག་དང་མཉམ་དུ་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཡོད། ཁོང་གིས་ངོ་སྤྲོད་གནང་བའི་ནང་ལ་བྷེལ་ཇེམ་ཆོས་རིག་འཛིན་སྐྱོང་ཁང་གིས་དེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལགས་ཡུ་རོབ་ལ་ཕེབས་སྐབས་ན་གཞོན་ཚོ་སྐོར་བསྐྱོད་ཀྱི་ལས་རིམ་འདིའི་སྐོར་སྙང་སེང་ཞུས་པ་ཞལ་བཞེས་ཐོབ་པ་དང་། ཤེས་རིག་ལས་ཁུངས་ཀྱིས་ཐེངས་འདིའི་སྐོར་བསྐྱོད་ཆ་ཚང་བ་གོ་སྒྲིག་གནང་བ་དང་ལས་རིམ་བསྒྲིག་པ་སོགས་ངོ་སྤྲོད་གནང་སོང་།
ཁོང་གིས། ཕ་མ་དང་ཚོགས་པས་དཀའ་ལས་བརྒྱབ་སྟེ་ས་རྒྱ་གར་བར་དུ་ཁྲིད་ཡོང་ཡོད་པ་རེད། དེ་ཡིན་དུས་མགོ་ནས་མཇུག་བར་དུ་བོད་སྐད་གཙང་མ་བཤད་དགོས་ཟེར་ནས་ང་ཚོས་དང་པོ་ནས་གསལ་བཤད་བྱས་ཟིན་པ་ཡིན། ང་རང་ལ་བློ་འཚབ་ག་རེ་བྱུང་སོང་ཞུས་ན། བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་དང་ངོ་སྤྲོད་སོགས་ཀྱི་སྐབས་སུ་གོ་བརྡ་འཕྲོད་ཨེ་ཡོང་བསམ་ནས་སེམས་ཚོར་བྱུང་སོང་སྟེ། དང་པོ་བཀའ་ཤག་དང་སྤྱི་འཐུས། ཁྲིམས་ཞིབ་ཁང་སོགས་ནས་ངོ་སྤྲོད་གནང་སྐབས་ཚུར་ཕྲུ་གུ་ཚོ་ལ་བོད་སྐད་བཤད་དགོས་སམ། ཡང་ན་བོད་དབྱིན་མཉམ་དུ་ཡིན་ནམ་ཞེས་བཀའ་འདྲི་གནང་སོང་། སྐབས་དེར་སློབ་མ་ཚོས་ང་ཚོས་བོད་སྐད་ཡག་པོ་ཤེས་ཀི་ཡོད་ཅེས་ལན་བཏབ་ནས་བོད་སྐད་རང་གི་ཐོག་ནས་གོ་བརྡ་ཡག་པོ་འཕྲོད་སོང་ཞེས་གསུང་སོང་།
དེའི་བར་ན་ང་ཚོས་བྷེལ་ཇེམ་ཆོས་རིག་འཛིན་སྐྱོང་ཁང་གི་རྡ་སར་ཕེབས་པའི་སློབ་ཕྲུག་ཚོར་སྐོར་བསྐྱོད་སྐོར་ལ་སྐད་ཆ་དྲིས་སྐབས། སློབ་མ་བསྟན་འཛིན་དབྱངས་སྐྱིད་ལགས་ཀྱིས། རྡ་རམ་ས་ལར་ཡོང་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་གཞུང་གི་སྐོར་ལ་སློབ་སྦྱོང་བྱེད་དུ་ཡོང་བ་རེད། འདིར་ཡོང་ནས་བོད་པ་སྤྱི་ཚོགས་དངོས་སུ་མཐོང་བས་སྐྱིད་པོ་བྱུང་། ཡང་ཚོང་ཁང་དང་ཟ་ཁང་རྣམས་ཀྱི་སྦྱིན་བདག་བོད་པ་ཡིན་དུས། ཕྱི་རྒྱལ་ལ་དེ་འདྲ་མེད་དུས། སྐྱིད་པོ་བྱུང་། ཞེས་བརྗོད་པ་དང་། ཡང་ཟླ་བ་ལྷ་མོ་ལགས་ཀྱིས། འདི་རུ་ཕྲུ་གུ་ཚོས་བོད་སྐད་གཙང་མ་རྒྱག་གི་འདུག ཇ་བཏུང་ས་ཡིན་ཡང་རེད། དཔེ་མཛོད་ཡིན་ཡང་རེད། བོད་སྐད་དང་བོད་ཡིག་རྐྱང་རྐྱང་རེད། དེ་ཡིན་དུས་ང་རང་གིས་བོད་སྐད་ཡིག་སྦྱོང་རྒྱུའི་དོ་སྣང་ལབ་ན་རེད། བྱེད་དགོས་པའི་ཚོར་སྣང་ཆེན་པོ་སླེབས་སོང་། ཞེས་བརྗོད་འདུག ཡང་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། ཁ་སང་ང་ཚོས་བོད་གཞུང་དང་ཁྲིམས་ཀྱི་སྐོར་སྦྱངས་བ་རེད། སྔོན་མ་ཏོག་ཙམ་ལས་ཤེས་ཀི་མེད། ད་ལྟ་ཡག་པོ་ཤེས་སོང་། དེ་ནས་ལྷག་དཀར་ལ་TIPA ལ་སོང་བ་ཡིན། ཡག་པོ་སྦྱང་ཐུབ་སོང་ཞེས་བརྗོད་འདུག
Your browser doesn’t support HTML5
དེ་མིན་ཡང་བྱང་ཀེལ་བོད་རིགས་ཚོགས་པའི་༢༠༢༣ ལོའི་དབྱར་ཁའི་ཟབ་སྦྱོང་དེ་ས་གནས་གཞན་དང་མི་འདྲ་བར་ཟླ་བ་གཅིག་རིང་ལ་འཚོགས་བཞིན་པ་དང་། ཁོ་ཚོས་ཉིན་རྒྱུན་སློབ་ཕྲུག་ཚོར་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་། སྐད་ཡིག རི་མོ་སོགས་ཀྱི་སློབ་ཁྲིད་བྱེད་བཞིན་པ་ལས། ཡང་བྱིས་པ་ཚོའི་ཟབ་སྦྱོང་སྤྲོ་སྣང་ལྡན་པ་ཞིག་ཡོང་ཆེད། ཆེད་ལས་སྒྱུ་མ་མཁན་དེ་འདྲ་གདན་འདྲེན་གྱིས་རྩེད་མོ་རྩེ་རུ་འཇུག་གི་ཡོད་པ་སོགས་ངོ་སྤྲོད་གནང་སོང་། ཡང་ཟླ་གཅིག་རིང་ལ་འཚོགས་པ་ཡིན་ན་བྱིས་པ་ཚོར་བག་ཆགས་གང་འཚམ་འཇོག་ཐུབ་པར་ཡིད་ཆེས་བྱེད་དེ་ཁོ་ཚོས་ད་ལོ་ཟླ་གཅིག་ལ་འཚོགས་རྒྱུའི་གཏན་འཁེལ་བ་ཡིན་འདུག ཡང་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས། དཀའ་ངལ་ཆེ་ཤོས་ནི་དགེ་རྒན་དང་ལས་བྱེད་རེད། ད་ལྟ་ང་ཚོར་རྩ་བའི་དགེ་རྒན་བཞི་ཡོད་པ་རེད། ཡིན་ན་ཡང་ཚང་མ་ཕྱག་ལས་ལ་ཕེབས་དགོས་དུས་ཆུ་ཚོད་ཁ་ཤས་ལས་འདུག་ཁོམ་མེད། ད་ལྟ་ང་དང་མཉམ་དུ་དགེ་རྒན་གཞན་ཞིག་ཡོད། གཞན་ཡང་མཐོ་སློབ་ལ་ཕེབས་མཁན་དང་བླངས་བྱེད་མཁན་ཁག་ཅིག་ཡོད་ཅེས་ངོ་སྤྲོད་གནང་སོང་།