རྒྱ་གཞུང་གིས་བོད་ཀྱི་སྐད་དོད་དུ་Tibet ཞེས་པ་དེ་Xizang ལ་བཙན་བསྒྱུར།

ད་ལོའི་སྤྱི་ཟླ་༨ པའི་ཚེས་༡༤ ནས་༡༦ བར་པེ་ཅིང་དུ་སྐོང་འཚོགས་བྱས་པའི་རིག་གཞུང་ཚོགས་འདུ་ཞིག་ལས་བསམ་འཆར་འདོན་དོན་ལྟར། དབྱིན་ཡིག་ནང་བོད་ཀྱི་སྐད་དོད་དུ་ Tibet ཞེས་ཡོངས་གྲགས་ཡིན་ཡང་། རྒྱ་གཞུང་གིས་སྲིད་དོན་གྱི་དགོས་མཁོར་དམིགས་ནས་དེའི་ཚབ་དུ་རྒྱ་སྐད་ཀྱི་ཐ་སྙད་Xizang ཞེས་པར་བཙན་སྒྱུར་བྱ་རྒྱུའི་གཏན་འཁེལ་བྱུང་སྟེ་མ་དག་རྒྱུན་འབྱམས་སུ་གཏོང་མགོ་ཚུགས་ཡོད་པ་རེད། ཉེ་ལམ་བོད་ཀྱི་ཀོང་པོ་ཉིང་ཁྲིའི་ཁུལ་དུ་འཚོགས་པའི་ཧི་མ་ལ་ཡའི་རི་རྒྱུད་དང་འབྲེལ་བའི་རྒྱལ་སྤྱིའི་གླེང་སྟེགས་ཤིག་ལས། རྒྱ་ནག་གི་ཕྱི་སྲིད་དཔོན་པོ་ཝང་དབྱི་ཡིས་བར་ལམ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དང་ཡིག་ཆ་ཁག་ལས་བོད་ཀྱི་སྐད་དོད་དུ་དབྱིན་ཡིག་ནང་Xizang ཞེས་འབྲི་མགོ་ཚུགས་ཟིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བེད་སྤྱོད་གཏོང་བའི་ Tibet ཞེས་པའི་ཐ་སྙད་བེད་སྤྱོད་བཏང་མེད་ཚུལ་བརྗོད་ཡོད་པ་རེད།

རྒྱ་གཞུང་གིས་དེར་ཆབ་སྲིད་ཀྱི་ཐོག་ནས་གོ་དོན་ཆེན་པོ་ཡོད་པར་ངོས་འཛིན་བྱེད་བཞིན་པར་མ་ཟད། རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་ཐག་གཅོད་དེ་ནི་ཁ་བྲལ་རིང་ལུགས་པར་ལན་འདེབས་གནད་སྨིན་གྱི་ལས་དོན་ཞིག་ཡིན་པའི་ངོས་འཛིན་དྲིལ་བསྒྲགས་ཀྱང་བྱས་འདུག་ཅིང་། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་རྒྱ་ནག་གི་གཞུང་འབྲེལ་ཆེད་མཁས་པའི་སྐད་ཆ་ལུང་དྲངས་ནས་བརྗོད་དོན་དུ། Tibet ཞེས་པའི་ཐ་སྙད་དེས་ས་ཁམས་ངོས་འཛིན་གྱི་ཆ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གོ་ནོར་སྤྲད་ཡོད་པ་དང་། གོ་ནོར་ཡོ་སྲང་བྱས་པ་དེས་བོད་ཀྱི་གནད་དོན་ཐད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྲེལ་བརྗོད་མ་ལག་ནང་རྒྱ་ནག་གི་བརྗོད་བབས་གོང་མཐོར་འགྲོ་བར་གྲོགས་དན་བྱེད་ཐུབ་ལུགས་བརྗོད་ཡོད་པ་རེད།

བཙན་བྱོལ་བོད་པ་ཚོས་རྒྱ་ནག་གི་བྱེད་བབ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་བོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་ཡོད་པའི་Tibet ཞེས་པའི་ཐ་སྙད་དེ་ཡོངས་གྲགས་ཀྱི་ཐོག་ནས་Xizang ཞེས་པའི་རྒྱ་ཡིག་གི་ཐ་སྙད་ལ་སྒྱུར་ཐབས་བྱེད་པ་དེ་ནི་ལོ་རྒྱུས་ལ་རྡོག་རོལ་བཏང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསུངས་འདུག། དེ་བཞིན་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་དེ་དོན་དུ། བོད་ཀྱི་སྐད་དོད་དུ་Tibet ཞེས་པའི་ཐ་སྙད་དེ་ནི་བོད་ས་ཁྱོན་ཡོངས་དང་བོད་པ་འདུས་སྡོད་ཀྱི་ས་ཁུལ་ཡོངས་རྫོགས་ལ་གོ་དགོས་པ་དང་། རྒྱ་ཡིག་གི་གོ་དོན་ཞིག་དབྱིན་ཡིག་གི་གོ་དོན་ལ་མི་འབྱོར་བཞིན་དུ་བཙན་སྒྱུར་བྱེད་པ་དེ་ནི་གོ་དོན་ལ་འགྱུར་བ་གཏོང་འདོད་ཅིག་ལས་མ་འདས་ཤིང་། དེས་མི་རྣམས་ལ་བོད་ཅེས་པ་དེ་བོད་རང་སྐྱོང་ལྗོངས་གཅིག་པུར་གོ་དགོས་པའི་གོ་ལོག་སྤྲད་ཡོད་པ་དང་། རྒྱ་ནག་གིས་བོད་ལ་བདག་དབང་ཡོད་མདོག་གི་རྣམ་འགྱུར་བསྟན་པ་ཙམ་ལས་གཞན། བོད་ལ་ཁ་བྲལ་ཁག་བགོས་ཀྱིས་དབང་སྒྱུར་བྱེད་པའི་སྲིད་ཇུས་འཛིན་བཞིན་པའང་མཚོན་གྱི་ཡོད་པ་རེད། ཅེས་གསུངས་འདུག།

རྒྱ་ནག་ལྷོ་ཕྱོགས་ཉིན་རེའི་ཚགས་ཤོག་ལས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་སྐད་འཕྲིན་སོགས་དྲ་ལམ་ཐོག་ཏུ་ཚོང་ལས་གཉེར་བའི་ཁོངས་ལས། ཐོན་རྫས་ངོས་སུ་Tibet ཞེས་པ་གང་འཁོད་པ་ཐམས་ཅད་འཕྲལ་དུ་ Xizang ལ་བསྒྱུར་དགོས་པའི་བཀོད་ཁྱབ་བཏང་འདུག། Tibet ཞེས་པའི་ཚིག་གི་ཚབ་ལ་Xizang ཞེས་ཐོག་མར་༢༠༡༩ ལོ་ནས་རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་དང་མི་དམངས་ཉིན་རེའི་ཚགས་ཤོག་གི་དབྱིན་ཡིག་པར་མ་སོགས་ཀྱིས་མཚོན་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་བེད་སྤྱོད་བཏང་མགོ་ཚུགས་ཡོད་པ་དང་། དེའི་རྗེས་སུ་རྒྱ་ནག་གཞུང་འབྲེལ་གསར་ཁང་CGTN ཞེས་པ་དང་ཤིན་ཧྭ་གསར་ཁང་སོགས་ཀྱིས་ཀྱང་སྔ་རྗེས་སུ་རྒྱབ་སྣོན་རྗེས་འབྲངས་བྱས་འདུག། དེ་ནས་བཟུང་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཡོད་ཚད་ཀྱིས་ Xizang ཞེས་པའི་ཐ་སྙད་དེ་བེད་སྤྱོད་གཏོང་རྒྱུ་ཉག་ཅིག་ཡིན་ཞིང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ངོས་སུ་དེ་བཞིན་བེད་སྤྱོད་བཏང་ཡོད་པ་དང་། རེས་གཟའ་ལྷག་པའི་ཉིན་ནས་བཟུང་སྟེ་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཀྱི་གཏམ་བཤད་ནང་ལའང་དེ་ལྟར་Tibet ཞེས་པའི་སྔར་ཡོད་ཐ་སྙད་ཀྱི་ཚབ་ལ་གསར་ཏུ་Xizang ཞེས་བེད་སྤྱོད་བཏང་འདུག།

བོད་རིག་པའི་མཁས་དབང་ཨེ་ལེ་ཁྲི་སི་ཕ་ལིང་། Elliot Sperling(1951 – 2017)

སྤྱི་ལོ་༡༩༥༠ ལོ་ཡས་མས་ནས་བཟུང་རྒྱ་ནག་དམར་ཤོག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་། བོད་རྒྱའི་འབྲེལ་བ་ལ་འགྲེལ་བརྗོད་གསར་པ་རིགས་སྣ་ཚོགས་ཤིག་བྱས་པའི་ཁོངས་ནས། དུས་རབས་ཉི་ཤུ་པའི་ནང་གི་སྔར་རྒྱལ་རབས་ལོ་རྒྱུས་གང་ལའང་མེད་པའི་ཧམ་བཤད་གསར་པ་ཆེ་ཤོས་ཤིག་དེ། རྒྱ་ནག་གིས་དུས་རབས་༡༣ པའི་ཡོན་རྒྱལ་རབས་ཀྱི་དུས་སྐབས་སུ་བོད་འདི་བཞིན་རྒྱ་ནག་གི་ཆ་ཤས་སུ་གྱུར་ལུགས་བཤད་ཡོད་པ་དང་། དེ་ལས་ཐལ་ཆ་ཆེ་བའི་འགྲེལ་བརྗོད་གསར་པ་གཞན་ཞིག་ནི། གནའ་བོའི་རྒྱ་ནག་ཅེས་པ་ནི་ཆིང་རྒྱལ་རབས་ཀྱི་མངའ་ཐང་རྩེར་སོན་སྐབས་ཀྱི་མངའ་ཐང་ཡོངས་ལ་གོ་དགོས་པ་དང་། མངའ་ཐང་དེའི་ས་ཁྱོན་ཡོངས་ཀྱི་ཁྱབ་ཚད་ཀུན་ལ་གནའ་སྔ་མོའི་དུས་ནས་རྒྱ་ནག་གི་ཆ་ཤས་སུ་གྱུར་ཡོད་རབས་བརྗོད་ཀྱི་ཡོད་པ་དེའི་གོ་དོན་ལས། དོན་དམ་ལ་འགྲེལ་བརྗོད་དེ་ནི་དུས་རབས་༡༣ པའི་ཡོན་རྒྱལ་རབས་ཀྱི་ཡར་སྔོན་ཡིན་པར་མ་ཟད། ལོ་རྒྱུས་ཡིག་ཐོག་ཏུ་མ་འཁོད་པའི་བསྐལ་པ་དུ་མའི་གོང་ཞིག་ཏུ་ཡིན་པའི་གོ་དོན་དུ་འགྲེལ་བཞིན་ཡོད་པ་རེད། སྔར་བོད་རིག་པའི་མཁས་དབང་ཨེ་ལེ་ཁྲི་སི་ཕ་ལིང་Elliot Sperling ལགས་དམ་པ་དེ་སྐུ་འཚོ་བཞུགས་སྐབས་སུ་ཁོང་གི་རྩོམ་ཡིག་ཅིག་ལས། Tibet ཞེས་འཛམ་གླིང་སྤྱི་མཐུན་ལ་མཐུན་སྣང་དུ་གྲུབ་པའི་ཆོས་དང་རིག་གཞུང་། རྒྱལ་རབས་ལོ་རྒྱུས་ཀྱི་རྒྱུན་མཚོན་པའི་ཐ་སྙད་གོ་དོན་དང་ལྡན་པ་དེ་བཞིན་དེང་སང་Xizang ཞེས་པའི་རྒྱ་སྐད་ཀྱི་ཐ་སྙད་གསར་པ་དང་གོ་དོན་གཅིག་མཚུངས་མ་ཡིན་པར་མ་ཟད། དྲ་ཐོག་སོགས་སུ་རྒྱ་ཡིག་གི་ལམ་ནས་རྩོམ་ཡིག་འབྲི་མཁན་ཚོས་དབྱིན་ཡིག་Tibet ཞེས་པའི་སྐད་དོད་དུ་ཐད་ཀར་རྒྱ་ཡིག་ནང་图伯特 ཞེས་པ་བེད་སྤྱོད་གཏོང་མུས་ཡིན་པ་དེ་བྲིས་ན་ཚིག་དོན་འབྱོར་ཞིང་ཁ་གསལ་ལ་གོ་དོན་མི་འཛོལ་བའི་དགེ་མཚན་ཡོད་པའང་གསུངས་མྱོང་ཡོད་པ་རེད།