ཡུཀ་རེན་གྱི་དམག་ས་ཁག་ཏུ་སླར་ཡང་བལ་པོ་གསུམ་བསད་འདུག

ཡུ་ཁེ་རེན་ནང་ཨུ་རུ་སུའི་དམག་དོན་ལས་འགུལ་སྤེལ་སྐབས་བསད་པའི་ཨུ་རུ་སུའི་དམག

༄༅།། ཡུཀ་རེན་གྱི་དམག་ས་ཁག་ཏུ་སླར་ཡང་བལ་པོ་གསུམ་བསད་ཡོད་ཅིང་། ཕྱི་ཟླ་༩་པའི་ཚེས་༩་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་བར་དུ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བལ་པོ་༤༣་བསད་པ་ངེས་གཏན་བྱུང་ཞིང་། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་དེ་རྣམས་ཨུ་དྷེ་པུར་གྱི་མོ་ཧན་རྟ་མང་དང་བྷག་ལུང་བ་དྷ་རུ་ཝ་གྷར་ཏི། རན་ཇི་ཏ་གུ་རུང་གསུམ་པ་རེད། རན་ཇི་ཏ་གུ་རུང་ནི་ས་གནས་གང་ནས་ཡིན་དང་སྡོད་གནས་ཀྱི་ཁ་བྱང་སོགས་ཤེས་ཀྱི་མི་འདུག་ཅེས་གནས་ཚུལ་སྤེལ་འདུག དེ་བཞིན་ར་ཤི་ཡའི་གཞུང་གིས་བལ་ཡུལ་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་པོ་༣༥་ཡི་ཉེ་ཚན་ཚོའི་རྒྱུད་རྫས་(DNA)་ཀྱི་དཔེ་མཚོན་བླངས་ནས་བསྐུར་ཤོག བལ་པོ་སྲོག་སྐྱོན་ཕོག་པ་དེ་དག་སུ་སུ་ཡིན་མིན་ངོ་རྟགས་གཅོད་དགོས་ཀྱི་འདུག་ཅེས་ཡི་གེ་སྤྲིངས། དེའི་སྔོན་དུ་བལ་ཡུལ་གཞུང་གིས་གླས་དམག་༢༢་ཀྱི་ཉེ་ཚན་ཚོའི་རྒྱུད་རྫས་དཔེ་མཚོན་བླངས་ནས་བསྐུར་ཡང་ར་ཤི་ཡའི་གཞུང་གིས་འདས་པོ་དེ་དག་ངོ་རྟགས་ཆོད་ཡོད་མེད་ཕྱིར་ལན་མ་འབྱོར།།

རུ་སུ་དམག་མི་བསད་པའི་རྗེས་དྲན་རྟེན་ཁང་སྒོ་འབྱེད་མཛད་སྒོ།

ཁ་སྔོན་ཕྱི་ཟླ་༩་པའི་ཚེས་༢་ཉིན་ར་ཤི་ཡའི་རྒྱལ་ས་མོ་སི་ཀོར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་ཁང་གིས་ཕྱི་སྲིད་ལྷན་ཁང་ལ་མ་དྷན་གུ་རུང་དང་ཏི་ཀ་རམ་གུ་རོང་། ཧི་ར་བྷ་དྷུ་གུ་རོང་། ཤཱི་ཡམ་དྷོ་ཇཱི་གུ་རོང་དང་རོ་ཧན་རྟ་མང་། དེ་བ་རྟ་མང་དང་སུ་བྷ་ཤ་རྟ་མང་སོགས་མི་༣༠་ལྷག་གི་ཉེ་ཚན་གྱི་རྒྱུད་རྫས་དཔེ་མཚོན་བསྡུས་ནས་བསྐུར་དགོས་པའི་སྙན་ཞུ་ཕུལ། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་ཡུལ་གྱི་སྤྱི་དམངས་དེ་དག་གི་ཉེན་ཚན་རྣམས་རྒྱལ་ས་ཀ་ཐ་མན་རྡུར་རྒྱུད་རྫས་ཀྱི་དཔེ་མཚོན་སྤྲོད་དུ་ཤོག་ཅེས་འབྲེལ་བ་བྱས་འདུག དེང་སྐབས་བལ་ཡུལ་གྱི་མི་ཁོངས་སུ་གཏོགས་པའི་གུ་རོང་བ་དང་རྟ་མང་བ་ནི་སྔོན་ཆད་བོད་ཀྱི་བཙན་པོའི་དུས་སུ་མཐའ་མཚམས་སྲུང་དམག་ལ་སྒོ་སྲུང་དང་རྟ་དམག་ཅེས་འབོད་སྲོལ་ཡོད་པ་རིམ་གྱིས་སྒྲ་གདངས་འགྱུར་ནས་གུ་རོང་དང་རྟ་མང་ལ་གྱུར་པ་རེད་ཅེས་བཤད་རྒྱུན་ཞིག་གྲགས། གུ་རོང་བ་དང་རྟ་མང་བའི་ཆོས་ལུགས་ནི་བོད་ཀྱི་ནང་ཆོས་ཡིན་པ་དང་ཡུལ་སྲོལ་གོམས་གཤིས་ཀྱང་བོད་པ་དང་གཉིས་སུ་མེད།།

སྔ་ལོ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བལ་པོའི་གླས་དམག་ལ་བསད་རྨས་ཚབས་ཆེན་བྱུང་ནས་བཟུང་། བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་རྣམས་ར་ཤི་ཡར་སློབ་སྦྱོང་དང་ལས་ཀ་འཚོལ་དུ་འགྲོ་མི་ཆོག་ཅེས་བཀག ཟླ་བ་འདིའི་ཕྱི་ཚེས་༦་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གཞུང་གིས་སློབ་ཕྲུག་ཚོ་ར་ཤི་ཡའི་སློབ་ཆེན་ཁག་ཏུ་ཚུད་པ་དང་སློབ་ཡོན་རོགས་རམ་ཐོབ་ཚེ། བལ་པོའི་སློབ་ཕྲུག་དེ་རྣམས་ར་ཤི་ཡར་སློབ་སྦྱོང་དུ་བསྐྱོད་ཆོག་ཅེས་ཐག་བཅད། བལ་ཡུལ་གྱི་ཤེས་ཡོན་དང་ཚན་རིག འཕྲུལ་རིག་བློན་ཆེན་བི་དྷི་ཡ་བྷ་ཏ་ར་ཡེས་(Bidya Bhattarai)་བལ་པོའི་སློབ་ཕྲུག་ཚོར་ར་ཤི་ཡའི་གཞུང་གིས་སློབ་ཡོན་སྤྲོད་ཀྱི་ཡོད་པ་དང་སློབ་ཕྲུག་གི་ཕ་མ་སོགས་འཐད་ན་གཞུང་གིས་ཆོག་མཆན་འགོད་ཆོག་ཅེས་བསྒྲགས། ར་ཤི་ཡའི་གཞུང་གིས་བལ་པོའི་སློབ་ཕྲུག་༤༠་ཐམ་པར་སློབ་ཡོན་ཆ་ཚང་སྤྲོད་ཀྱི་ཡོད་པ་དང་སློབ་ཕྲུག་༢༦་གི་ཕ་མ་ཚོས་བལ་ཡུལ་གཞུང་གིས་ཆོག་མཆན་མ་སྤྲད་པར་བཀག་ན་སློབ་སྦྱོང་གི་གོ་སྐབས་བཟང་པོ་ཞིག་འཆོར་ས་རེད་ཅེས་བཀྲལ།།

ཅཱན་དན་ཀུ་མར་གྷོ་ཡེ་ཏ་(Chandan Kumar Goit)་ཞེས་པ་ཞིག་གིས་བལ་པོའི་སློབ་ཕྲུག་མང་ཆེ་བ་ར་ཤི་ཡའི་སྐད་གྲགས་ཅན་གྱི་སློབ་ཆེན་ཁག་ཏུ་ཚུད་འདུག སློབ་ཡོན་དང་འཚོ་བའི་འགྲོ་གྲོན་ཚང་མ་སློབ་ཆེན་ཁག་གིས་སྤྲོད་ཀྱི་ཡོད་པ་དང་ང་ཚོར་གོ་སྐབས་འདི་འདྲ་མི་ཚེའི་ནང་དུ་ཐོབ་དཀའ། ང་ཚོར་གོ་སྐབས་དེ་འཆོར་དུ་འཇུག་འདོད་མེད། ར་ཤི་ཡ་ནི་འཛམ་གླིང་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་ཡུཀ་རེན་གྱི་དམག་འཁྲུག་གིས་ང་ཚོ་སློབ་སྦྱོང་དུ་བསྐྱོད་སར་གནོད་ཀྱི་མི་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་ཤིང་། ཨན་ཝར་ཨ་ལམ་(Anwar Alam)་ཞེས་པའི་སློབ་ཕྲུག་ཅིག་གིས་ང་འགྲོ་སའི་སློབ་ཆེན་ཡོད་ས་དེར་དམག་འཁྲུག་གི་ཉེན་ཁ་མི་འདུག ང་ཚོ་མྱུར་དུ་སློབ་སྦྱོང་ལ་བསྐྱོད་ཆོག་པའི་བཀའ་འཁྲོལ་གནང་རོགས། ང་ཚོས་དུས་ཐོག་ཏུ་སློབ་སྦྱོང་བྱ་དགོས་ཡོད་ཅེས་འབོད་སྐུལ་ཞུས། ར་ཤི་ཡའི་སློབ་ཆེན་༡༢་ཀྱིས་བལ་པོའི་སློབ་ཕྲུག་༤༠་ཐམ་པར་སྨན་པ་དང་བཟོ་བཀོད། ཚོང་ལས་དང་ཞིང་ལས་སོགས་ཀྱི་སློབ་སྦྱོང་སྤྲོད་རྒྱུའི་ཁས་བླངས།།

ར་ཤི་ཡའི་སློབ་ཆེན་ཁག་གིས་བླངས་པའི་བལ་ཡུལ་གྱི་སློབ་ཕྲུག་དེ་ཚོ་དམག་སར་མ་བཏང་བར་དངོས་འབྲེལ་སློབ་སྦྱོང་བྱེད་དུ་བཅུག་ན་བཟང་མོད། ཉེ་ཆར་ཕྱི་ཟླ་༦་པའི་ཚེས་༨་ཉིན་བྷུ་ལུམ་བྷག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ར་ཤི་ཡའི་གཞུང་གིས་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་གི་སློབ་ཕྲུག་སྟོང་ཕྲག་མང་པོ་དང་ལས་ཀ་འཚོལ་དུ་ཡོང་བའི་ཕྱི་མི་ངལ་རྩལ་བ་རྣམས་དམག་ཁོངས་སུ་བསྡུས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་སྟེ་དམག་མི་འདང་ངེས་མེད་པའི་དཀའ་ངལ་སེལ་ཐབས་བསྟེན། ར་ཤི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཨ་ཧྥི་རི་ཀའི་སློབ་ཕྲུག་དང་ཕྱི་མི་ངལ་རྩོལ་བ་ཚོ་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་སར་བསྐྱོད་འདོད་མེད་ན་དེ་དག་གི་ཐོངས་མཆན་ཕར་འགྱངས་བྱ་རྒྱུ་མིན་ཞེས་སྡིགས་ར་བསྐུལ། ཨ་ཧྥི་རི་ཀའི་སློབ་ཕྲུག་ཚོ་དང་ཕྱི་མི་ངལ་རྩལ་བ་ཚོ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་པའམ། ཡང་ན་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུའི་གདམ་ཀ་ལས་མ་རྙེད།།

ཨ་ཧྥི་རི་ཀའི་སློབ་ཕྲུག་འབྱོར་ལྡན་པ་དང་ཕྱི་མི་ངལ་རྩོལ་བ་འཁོས་འབྱོར་ཅུང་ཙམ་བཟང་བ་ཚོས་ར་ཤི་ཡའི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་ཚོར་དངུལ་སྒོར་ལྐོག་མ་བརྫངས། ཁོ་ཚོ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསྐྱོད་མི་དགོས་པར་མ་ཟད། སློབ་སྦྱོང་དང་ལས་ཀའི་གོ་སྐབས་མ་ཤོར། ༢༠༢༣་ལོའི་ཕྱི་ཟླ་༩་པ་ནས་ར་ཤི་ཡའི་གཞུང་གིས་བཙོན་པ་དང་ཕྱི་མི་ངལ་རྩོལ་བ། ཕྱི་རྒྱལ་བ་རྣམས་དམག་ཁོངས་སུ་བསྡུས། སྲིད་འཛིན་ཕུ་ཊིན་གྱིས་ཕྱི་རྒྱལ་བ་རྣམས་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ཏེ་གན་རྒྱའི་དུས་ཡུན་ལྟར་སྲི་ཞུ་བསྒྲུབས་ན་གླས་དམག་རྣམས་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་ཚོ་ར་ཤི་ཡའི་སྤྱི་དམངས་སུ་འགྱུར་ཆོག་ཅེས་གསལ་བསྒྲགས་སྤེལ། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ར་ཤི་ཡས་ཕྱི་མི་ངལ་རྩལ་བ་དམག་ཁོངས་སུ་བསྡུས་པ་མང་ཆེ་བ་དབུས་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་སྤྱི་དམངས་རེད་ཅེས་བསྟན།།

ད་ལོའི་ཕྱི་ཟླ་༣་པའི་ཚེས་༡༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ར་ཤི་ཡའི་དམག་ཁོངས་སུ་བལ་ཡུལ་དང་རྒྱ་གར། སིངྒ་ལ་དང་ཀུ་པ། སོ་མ་ལི་ཡ་དང་སེ་ར་ལེ་འོང་སོགས་འཛམ་གླིང་རྒྱལ་ཁབ་ཁག་གི་སྤྱི་དམངས་གླས་དམག་འདུག ཡུཀ་རེན་གྱི་བཟུང་དམག་སྤྱི་ཁྱབ་བཀོད་འདོམས་ཁང་གི་ལས་སྣེ་ཕེ་ཊི་རོ་ཡ་ཆན་ཀོས་(Petro Yatsenko)་ང་ཚོའི་ལག་ཏུ་ཐེབས་པའི་བཟུང་དམག་ཁོངས་སུ་གོང་འཁོད་རྒྱལ་ཁབ་དེ་དག་གི་སྤྱི་དམངས་འདུག མི་༥་བལ་པོ་རེད། ཀུ་པ་དང་སོ་མ་ལི་ཡ། སེ་ར་ལེ་འོང་བཅས་ནས་མི་རེ་རེ་འདུག ང་ཚོས་བཟུང་དམག་འདི་ཚོ་བསྟན་ནས་མི་བརྒྱ་ཕྲག་མང་པོ་མགོ་སྐོར་འོག་ཏུ་མི་ཚུད་པའི་བྱ་ཐབས་ནན་པོ་ཞིག་ལག་ལེན་བསྟར་དགོས་ཟེར་གྱི་ཡོད། དབུལ་ཕུང་རྒྱལ་ཁབ་ཁག་གི་སྤྱི་དམངས་ཅི་ཙམ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ན་སྒྱོགས་མདེལ་ལྟར་ཚེ་སྲོག་འཆོར་རྒྱུ་ཉག་གཅིག་རེད་ཅེས་ནན་བརྗོད་བྱས་འདུག

ར་ཤི་ཡའི་དམག་ཁོངས་སུ་བལ་པོ་ཅི་ཙམ་ཡོད་མེད་གྲངས་ཀ་གསལ་པོ་ཞིག་ཤེས་ཀྱི་མེད་ཀྱང་ཉམས་ཞིབ་པ་དང་གསར་འགོད་པ། ར་ཤི་ཡའི་དམག་དཔོན་ཚོས་བལ་པོ་༡༥༠༠༠་ཡས་མས་ཤིག་ཡོད་པའི་ཚོད་དཔག་བྱས་འདུག ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་བའི་བལ་པོ་ཚོར་ར་ཤི་ཡའི་གཞུང་གིས་དངུལ་སྒོར་ཅི་ཙམ་གྱོང་གསབ་སྤྲོད་ཀྱི་ཡོད་མེད་ཕྱིར་བསྒྲགས་མ་བྱུང་། ཉམས་ཞིབ་པ་ཚོས་དམག་སར་ཚེ་སྲོག་ཤོར་བའི་བལ་པོ་དེ་དག་གི་བཟའ་མི་ཚོར་གྱོང་གསབ་བལ་སྒོར་ས་ཡ་༢༠་རེ་དང་རྨས་སྐྱོན་ཕོག་པ་ཚོར་གྱོང་གསབ་བལ་སྒོར་ས་ཡ་༤་དང་ཕྱེད་ཀ རྨས་མ་དེར་མདེའུ་ཅི་ཙམ་མང་བ་ཕོག་ཡོད་ན་དེ་ཙམ་གྱིས་གྱོང་གསབ་དངུལ་སྒོར་མང་བ་སྤྲོད་ཀྱི་འདུག་ཟེར། བལ་ཡུལ་དུ་ལས་ཀའི་གོ་སྐབས་མེད་པ་དང་འཚོ་བའི་དཀའ་ངལ་ཆེ་བ། ཕ་མ་དང་བཟའ་ཟླ་བུ་ཕྲུག་གསོ་སྐྱོང་མ་ཐུབ་པར་བལ་པོ་རྣམས་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ཏེ་ཡུཀ་རེན་གྱི་དམག་ས་ཁག་ཏུ་སྐྱོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག