དབྱི་རན་གྱི་ཕྱི་སྲིད་དཔོན་པོས་རེས་གཟའ་སྤེན་པའི་ཉིན་ལ། དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་ལ་དབྱི་རན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་མི་སྣ་ཁྲང་ཧཱ་ཞེས་པར་ཐུག་འཕྲད་ཀྱི་སྐབས་སུ། རྒྱ་ནག་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་ཁག་གིས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་དེས། དབྱི་རན་གྱི་མངའ་ཁོངས་བདག་དབང་སྐོར་ལ་ཕོག་ཐུག་བཏང་སོང་ཞེས་སྐྱོན་བརྗོད་བྱས་འདུག། ཝ་ཤིན་ཐོན་ཕོ་སི་ཊི་གསར་ཁང་ནས་གནས་ཚུལ་སྤེལ་གསལ་ལ། རྒྱ་ནག་དམར་ཤོག་གཞུང་གི་འགོ་ཁྲིད་ཞི་ཅིན་ཕིང་རེས་གཟའ་པ་སངས་ཉིན་དབྱི་རན་གྱི་དགྲ་ཁ་གཏད་སོ་ཏི་ཨ་རབ་རྒྱལ་ཁབ་ཏུ་འཚམས་འདྲིར་འབྱོར་ཏེ། མཚོ་ཁུག་ཨ་རབ་རྒྱལ་ཁབ་ཁག་གི་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་ལས་སྣེ་ཚོ་དང་ལྷན་མཛོམས་ཐོག། ཕྱོགས་གཉིས་ཀས་མཉམ་ལས་ཡར་རྒྱལ་གཏོང་ཕྱོགས་སོགས་ཀྱི་ཐད་ནས་གྲོས་མོལ་བྱས་གྲུབ་པའི་རྗེས། ཕྱོགས་གཉིས་ཀས་ཐུན་མོང་ཐོག་ནས་མཉམ་འབྲེལ་གསལ་བསྒྲགས་ཤིག་ཀྱང་སྤེལ་འདུག་ཅིང་། མཉམ་འབྲེལ་གསལ་བསྒྲགས་ཡི་གེ་དེ་ལས། རྒྱ་ནག་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་ཁག་གི་དབར་ཕན་ཚུན་མཉམ་ལས་ཀྱི་འདོད་པ་ཡོད་ལུགས་དང་བྱེ་བྲག་གི་འཆར་གཞི་ཇི་ལྟར་ཡིན་སྐོར་སོགས་ཞིབ་ཕྲ་བཀོད་ཡོད་པ་དང་ལྷན་དུ། དབྱི་རན་གྱི་རྡུལ་ཕྲན་མཚོན་ཆའི་སྐོར་དང་། དེ་བཞིན་དབྱི་རན་གྱིས་མཚོ་ཁུག་རྒྱལ་ཁབ་ཁག་ཐོག་འཛིན་པའི་རྣམ་འགྱུར་སོགས་དབྱི་རན་དང་འབྲེལ་བ་ཡོད་པའི་གནད་དོན་འགའ་ཤས་ཀྱང་དཀྱུས་གཅིག་ཏུ་འཁོད་འདུག།
ལྷག་པར་དུ་ད་ལན་གྱི་མཉམ་འབྲེལ་གསལ་བསྒྲགས་ནང་གསལ་དོན་ཚན་ཨང་༡༢ པའི་ནང་ལ། དབྱི་རན་དང་ཨ་རབ་རྒྱལ་ཁབ་ཁག་གི་དབར་བདག་དབང་གི་སྐོར་ནས་རྩོད་གཞི་ཡོད་པའི་ཧོང་མེ་སིའི་Holmes མཚོ་འགག་གི་ཐུན་པུ་Tunbu རུ་འབོད་པའི་གླིང་ཕྲན་ཆེ་ཆུང་གཉིས་དང་། ཨ་པུ་མུ་སཱ་Abu Musa ཞེས་པའི་གླིང་ཕྲན་བཅས་གྱི་གནད་དོན་དེ་དག་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་དང་སྒྲིལ་སྲོལ་གཞི་བཞག་གི་ཐོག་ནས་ཞི་བའི་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་དགོས་པ་སོགས་་གླེང་སློང་བྱུང་ཡོད་པ་དེས་ཐེ་ཧེ་ར་ཕྱོགས་ལ་ཕོག་ཐུག་ཆེན་པོ་བཏང་འདུག།
༡༩༧༡ལོར་དབྱིན་ཇིའི་དམག་དཔུང་དཀྱིལ་ཤར་ཁུལ་ནས་ཕྱིར་འཐེན་བྱས་པ་ནས་བཟུང་། དབྱི་རན་གྱི་ཕྱོགས་ནས་ཧོང་མེ་སིའི་མཚོ་འགག་གི་གླིང་ཕྲན་གསུམ་པོ་བཙན་བཟུང་བྱས། ཨ་རབ་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་གླིང་ཕྲན་གསུམ་པོའི་བདག་དབང་དེ་བཞིན་ཁོ་ཚོར་དབང་གི་ཡོད་ཚུལ་བརྗོད་དེ། དབྱི་རན་དང་དེ་དོན་གྲོས་མོལ་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་ཀྱང་། ད་ཕན་དབྱི་རན་གྱི་ཕྱོགས་ནས་གྲོས་མོལ་གང་ཡང་བྱས་མེད་པ་རེད།
ཞི་ཅིན་ཕིང་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་ཁག་ནས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་དེ་ལས། དབྱི་རན་གྱི་མིང་དངོས་སུ་གསལ་པོ་བཏོན་མེད་ཀྱང་། རྒྱལ་སྤྱིའི་ཁྲིམས་དང་སྒྲིལ་སྲོལ་གྱི་ཐོག་ནས་ཞི་བའི་གྲོས་མོལ་བྱ་དགོས་ཞེས་འབོད་སྐུལ་བྱས་པ་ཙམ་གྱིས་དབྱི་རན་གྱི་ལངས་ཕྱོགས་ལ་འགལ་ཟླ་ཆགས་ཡོད་པ་རེད། ཡིན་ན་ཡང་། ནམ་རྒྱུན་རྒྱ་ནག་དང་དབྱི་རན་གཉིས་བར་གྱི་འབྲེལ་ལམ་དམ་ཟབ་ཡོད་པའི་རྐྱེན་ལས། དབྱི་རན་གྱི་ཕྱི་སྲིད་དཔོན་པོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྐྱོན་བརྗོད་བྱེད་སྲོལ་ཡོད་པ་ནང་བཞིན་ཁར་ཐུག་རྒྱ་ནག་གི་གཞུང་ཚབ་མི་སྣ་ལ་སྐད་བཏང་ཡོད་ཅེས་སྦིར་གྲགས་ཚ་པོའི་སྒོ་ནས་སྐྱོན་བརྗོད་བྱས་མེད་པར། བསྟུན་མཁས་ལྟ་བུའི་ཚུལ་གྱིས་རྒྱ་ནག་གཞུང་ཚབ་དང་ཐུག་འཕྲད་བྱས་རྗེས་དེ་དོན་སྐྱོན་བརྗོད་བྱས་ཡོད། ཅེས་བཤད་ཡོད་པ་རེད།
དབྱི་རན་གྱི་ཕྱི་སྲིད་དཔོན་པོ་ཨ་མིར་ཨ་པུ་ཌོ་ལཱ་ཧན་Amir-abdollahian གྱིས་ཐུས་ཊར་དྲ་ལམ་ཐོག་ལ། གླིང་ཕྲན་གསུམ་པོ་ནི་དབྱི་རན་གྱི་མངའ་ཁོངས་འཁྲུལ་མེད་ཡིན་པ་བསྙོན་མེད་ཡིན་པ་དང་། ཐེ་ཧེ་ར་ཕྱོགས་ནས་སོ་སོའི་མངའ་ཁོངས་བདག་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་ངེས་ཡིན་ཞེས་སྤེལ་ཡོད་པ་རེད། དབྱི་རན་གྱི་ཕྱི་སྲིད་དཔོན་པོ་ཨ་མིར་ཨ་པུ་ཌོ་ལཱ་ཧན་གྱིས་སྤེལ་བའི་ཡིག་ཆུང་དེ་ཕེར་ཤི་ཡའི་Persia སྐད་ཡིག་ནང་བྲིས་ཡོད་པ་ལས་རྒྱ་ཡིག་ནང་སྤེལ་མེད་པར་མ་ཟད། ཡིག་ཆུང་དེའི་ནང་རྒྱ་ནག་གི་མིང་འདོན་བྱས་མེད་པ་དེའི་ཐད། དབྱི་རན་གྱི་མི་མང་པོ་ཞིག་གིས་ཁོ་ལ་སྐྱོན་བརྗོད་ཀྱང་བྱས་འདུག དེ་སྔོན་ཁོས་རྒྱ་ནག་གི་མངའ་ཁོངས་བདག་དབང་ལ་རྒྱབ་སྐྱོར་ཡོད་ཅེས་ཡི་གེ་བྲིས་ནས་སྤེལ་དུས་ཕེར་ཤི་ཡ་དང་རྒྱ་ཡིག་གཉིས་ཆའི་ནང་ལ་སྤེལ་ཡོད་པ་རེད།
རྒྱ་ནག་དང་དབྱི་རན་གཉིས་ཀྱི་བར། ན་ནིང་ལོར་ལོ་ངོ་༢༥ རིང་གི་མཉམ་ལས་གྲོས་ཆོད་ཅིག་བཞག་གྲུབ་ཡོད་ཅིང་། ད་ལོའོ་ལོ་མགོ་ཙམ་ལ་དབྱི་རན་གྱི་ཕྱི་སྲིད་དཔོན་པོ་ཨ་མིར་ཨ་པུ་ཌོ་ལཱ་ཧན་གྱིས་གྲོས་ཆོད་དེ་བཞིན་དངོས་སུ་ལག་ལེན་བསྟར་བཞིན་ཡོད་ཚུལ་བརྗོད་འདུག།
གཞན་ཡང་ད་ལན་ཞི་ཅིན་ཕིང་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་ཁག་གིས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་དེ་ལས། གོང་ཞུས་གླིང་ཕྲན་གསུམ་གྱི་གནད་དོན་སྐོར་འཁོད་ཡོད་པ་ལས་གཞན་དབྱི་རན་གྱི་རྡུལ་ཕྲན་མཚོན་ཆའི་འཆར་གཞིའི་སྐོར་དང་། དབྱི་རན་གྱིས་མཚོ་ཁུག་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་དོ་ཕོག་བཏང་དང་གཏོང་བཞིན་ཡོད་པའི་གནས་ཚུལ་སོགས་ཀྱང་འཁོད་འདུག།
Your browser doesn’t support HTML5