༄༅། །སྤྱི་ཟླ་༤ པའི་ཚེས་༢༠ རེས་གཟའ་སྤེན་པའི་ཉིན། ཨ་རིའི་གྲོས་འོག་མ་ནས་གཏན་འབེབས་བྱུང་བའི་ཕྱི་ཕྱོགས་སུ་རོགས་དངུལ་སྤྲད་རྒྱུ་ཐེ་བའི་གྲོས་གཞི་བཞིའི་ཁོངས་ལས། བྷ་ཌན་གཞུང་འཛིན་གྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་སྟེ། ཡུག་ཀེ་རན་དང་། ཨི་སི་རེལ། ཐེ་ཝན་བཅས་ལ་ཁྱོན་ཨ་སྒོར་ཐེར་འབུམ་༩༥ ཡི་རོགས་དངུལ་སྤྲད་རྒྱུ་གཏན་འབེབས་ཐུབ་ཡོད་པར་མ་ཟད། བརྙན་ཐུང་བརྒྱུད་ལམ་ཊིག་ཊོག་བཟོ་ཚོང་ཁང་ཨ་མ་དེར་བདག་དབང་སྤུས་ཚོང་བྱ་འཇུག་རྒྱུའི་སྐོར་གྱི་གྲོས་གཞི་ཡང་དེའི་ཁོངས་སུ་ཚུད་ཡོད་པའི་རྐྱེན་གྱིས་འཛམ་བུ་གླིང་གིས་དེར་དོ་སྣང་ཆེན་པོ་བྱུང་འདུག།
ཊིག་ཊོག་སྐོར་གྱི་གྲོས་གཞི་དོན་ཚན་ལས། གལ་ཏེ་བརྙན་ཐུང་བརྒྱུད་ལམ་དེ་བཞིན་རྒྱ་ནག་གི་བཟོ་ཚོང་ཁང་ཨ་མ་ནས་ལོ་གཅིག་གི་ནང་ཚུན་དུ་བདག་དབང་སྤུས་ཚོང་མ་བྱས་པའང་། ཡང་ན་བརྒྱུད་ལམ་དེ་ལས་ཐ་དད་བཟོས་མ་ཐུབ་ཚེ། གཞོན་སྐྱེས་ཚོའི་ཁྲོད་དུ་དར་སྲོལ་ཆེན་པོ་ཡོད་པའི་མཉེན་ཆས་དེ་ཨ་རིའི་ཚོང་ར་ནས་བཀག་སྡོམ་བྱ་རྒྱུ་ཡིན་པ་རེད།
ད་ལོའི་སྤྱི་ཟླ་༣ པའི་ནང་། ནང་དོན་གོང་དང་ཆ་མཚུངས་པའི་གྲོས་གཞི་ཁབ་གཙང་ཞིག་གྲོས་ཚོགས་འོག་མའི་ནང་སྲིད་དོན་ཚོགས་པ་གཉིས་ཐུན་མོང་གིས་རྒྱབ་སྐྱོར་གྱིས་གཏན་འབེབས་བྱུང་ཡོད་ཅིང་། གྲོས་ཚོགས་འཐུས་མི་ཚོས་ཊིག་ཊོག་བཟོ་ཚོང་ཁང་ཨ་མ་དེས་རྒྱ་ནག་གཞུང་ལ་ཨ་རིའི་ཊིག་ཊོག་བེད་སྤྱོད་གཏོང་མཁན་ཚོའི་གནས་ཚུལ་རྒྱ་ཁྱབ་ཀྱི་ཐོག་ནས་བསྡུ་རུབ་བྱེད་རོགས་བྱས་ཏེ་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པའི་བློ་འཚབ་འབྱུང་གི་ཡོད་པ་རེད།
འོན་ཏེ་གྲོས་གཞི་དེ་གྲོས་ཚོགས་གོང་མའི་ནང་ཐར་མ་ཐུབ་པར་རེ་ཞིག་འགག་ཡོད་པར། ད་ཆ་གྲོས་ཚོགས་འོག་མས་གྲོས་གཞི་ཁབ་གཙང་དེ་སྲིད་འཛིན་བྷ་ཌན་གཞུང་འཛིན་གྱི་ཁ་ཚ་དགོས་གཏུགས་ཀྱི་རོགས་དངུལ་གྲོས་གཞིའི་ཁོངས་སུ་མཉམ་དུ་བཞག་པར་བརྟེན། ཊིག་ཊོག་བཟོ་ཚོང་ཁང་གི་བདག་དབང་ཚོང་སྒྱུར་རམ་བཟོ་ཚོང་ཁང་ཨ་མ་ནས་ཐ་དད་བཟོ་རྒྱུའི་གྲོས་གཞི་དེའང་ཁྲིམས་ཆགས་རྒྱུར་མགྱོགས་རྐྱེན་བཟོས་ཐུབ་ཡོད་པ་རེད། གྲོས་ཚོགས་གོང་མས་བདུན་ཕྲག་རྗེས་མའི་ནང་ཊིག་ཊོག་ཐེ་བའི་རོགས་དངུལ་གྱི་གྲོས་གཞི་ཁག་ལ་འོས་ཤོག་བླུག་རྒྱུ་ཡིན་པ་དང་། སྲིད་འཛིན་བྷ་ཌན་མཆོག་གིས་གལ་སྲིད་གྲོས་གཞི་དེ་བཞིན་གྲོས་ཚོགས་གོང་མ་ནས་ཐར་པ་ཡིན་ན། ཁོ་པས་ཁྲིམས་འཆར་དེར་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་ཆགས་འཇུག་རྒྱུ་ཡིན། ཞེས་གསུངས་འདུག།
རེས་གཟའ་སྤེན་པའི་ཉིན་ལ། ཊིག་ཊོག་རྒྱ་ནག་གི་བཟོ་ཚོང་ལས་ལོགས་སུ་ཐ་དད་བཟོ་རྒྱུའི་གྲོས་གཞིའི་ཐད་འོས་གྲངས་༣༦༠ ཐམ་པས་རྒྱབ་སྐྱོར་དང་། འོས་གྲངས་༥༨ ཀྱིས་ངོ་རྒོལ་གྱི་ཐོག་ནས་དུས་ཆད་ཟླ་བ་༦ དེ་ཟླ་བ་༩ ཡི་བར་དུ་འཕར་འགྱངས་གནང་ཡོད་ཅིང་། གལ་ཏེ་དུས་ཆད་ལྟར་སྤུས་ཚོང་གྱི་གྲོས་མོལ་ལ་གྲུབ་འབྲས་མ་སོན་ཚེ། དུས་ཡུན་ཟླ་བ་༣ འཐོལ་པ་འཕར་འགྱངས་ཆོག་པའི་གཏན་ཁེལ་བྱུང་འདུག།
དེ་ལྟ་ནའང་། ཨ་རིའི་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁྲིམས་འཆར་དེ་བཞིན་ཁྲིམས་ཀྱི་ཐོག་ནས་ད་དུང་བཀག་རྒྱ་ཇི་སྙེད་ཅིག་འཕྲད་སྲིད་པར་བརྟེན། དུས་ཆད་མུ་མཐུད་ནས་ངང་འཐེན་གྱིས་ནར་འགྱངས་ཐལ་ལུས་སུ་དུས་ཡུན་གང་འཚམས་ཤིག་གི་བར་དུ་འགྲོ་བར་ངེས་ལ། ཊིག་ཊོག་གི་ངོས་ནས། གལ་ཏེ་ཁྲིམས་འཆར་དེ་ཁྲིམས་ལུགས་ངོ་མ་ཆགས་ཐུབ་པའི་དབང་དུ་བཏང་ཡང་། ཨ་རིའི་ཁྲིམས་ཁང་ལ་ཁྲིམས་དེ་ལག་བསྟར་མི་ཡོང་བའི་ཆག་མེད་འབད་སྒྲུབ་ཀྱིས་ཀ་ཀོར་དགོས་འདུན་འདོན་རྒྱུ་ཡིན་པ་རེད། རྒྱུ་མཚན་ཅི་ལགས་ཞེ་ན། ཁྲིམས་དེས་ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་དང་པོའི་འཆར་ཟིན་གྱིས་ཨ་རིའི་ཊིག་ཊོག་བེད་སྤྱོད་གཏོང་མཁན་མི་གྲངས་དུང་ཕྱུར་གཅིག་དང་ཕྱེད་ཀ་ལྷག་ལ་གནང་བའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་རྒྱབ་འགལ་ཆགས་ཀྱི་ཡོད་པ་རེད།
གྲོས་ཚོགས་ཀྱི་འབྲེལ་ཡོད་ཁྲིམས་འགོག་རྒྱུའི་ཆེད་དུ་ཊིག་ཊོག་གིས་དེ་དོན་བརྒྱུད་སྐུལ་གྱི་ལས་དོན་མང་པོ་བསྒྲུབས་ཤིང་། ཊིག་ཊོག་བེད་སྤྱོད་གཏོང་མཁན་མི་གྲངས་དུང་ཕྱུར་གཅིག་དང་ཕྱེད་ཀ་ལྷག་དེ་དག་བསྐུལ་མ་བཏང་སྟེ། སོ་སོ་གནས་སའི་མངའ་སྡེའི་གྲོས་ཚོགས་གོང་མིའི་འཐུས་མི་ཚོར་ཞལ་པར་དང་ཡིག་ཆུང་འབུལ་དགོས་པའི་སྐུལ་མ་བཏང་བར་མ་ཟད། ཁྲིམས་དེ་འདྲ་ཞིག་བཟོ་རྒྱུའི་ཐད་ལ་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད་ཀྱང་། ཨ་རིའི་མཉམ་འབྲེལ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལས། ཊིག་ཊོག་གི་ངོས་ནས་ངོ་རྒོལ་ཤུགས་ཆེན་པོ་བྱས་པ་དེས། ལེགས་ལམ་དུ་མ་སོང་བར་ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ཡོང་རྒྱུའི་ཚབ་ཏུ་གྲོས་ཚོགས་འཐུས་མི་མང་པོར་ཁོང་ཁྲོ་བསླངས་བཅུག་པའི་གནས་ཚུལ་ཐོན་འདུག། གྲོས་ཚོགས་འཐུས་མི་དེ་དག་ལ་མ་གཞི་ནས་རྒྱ་ནག་གིས་ཨ་མེ་རི་ཀར་ཉེན་ཁ་བཟོ་ཐད་བློ་འཚབ་ཤུགས་ཆེ་ཡོད་པ་ཙམ་དུ་མ་ཟད། གྲོས་ཚོགས་འཐུས་མིའི་ཁོངས་ནས་ཊིག་ཊོག་བེད་སྤྱོད་གཏོང་མཁན་ནི་ཉིན་མོའི་སྐར་མ་ནང་བཞིན་རེས་འགའ་ཙམ་ལས་མེད་པ་རེད།
༢༠༢༠ ཐམ་པའི་ལོར། སྐབས་དེའི་སྲིད་འཛིན་ལས་ཐོག་ཌོ་ནར་ཊམ་མཆོག་གིས་སྐབས་བཅད་དགོས་མཚམས་སུ་ཊིག་ཊོག་བཀག་སྡོམ་གྱི་འཛིན་སྐྱོང་བཀའ་རྒྱ་བཀྲམས་ཡོད་པ་དང་། དེའི་རྗེས་ལ་མངའ་སྡེ་བཅུ་གྲངས་ཤིག་དང་དབུས་གཞུང་གི་ལས་ཁུངས་ཁག་ཅིག་གི་མཁོ་དགོས་ཉེར་སྤྱད་ཀྱི་ནང་ལ་ཊིག་ཊོག་བཀག་སྡོམ་གནང་ཟིན་ཡང་། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གིས་འཛིན་སྐྱོང་བཀའ་རྒྱ་དེར་དགག་བྱ་གནང་ཡོད་པ་རེད། ན་ནིང་ལོར། ཐེ་ཁེ་སག་སི་མངའ་སྡེའི་བཀག་སྡོམ་བཀའ་རྒྱ་དེར་ཁེ་ལིམ་བྷི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཁེ་ནའེ་རྩ་ཁྲིམས་བསྐྱར་བཅོས་དང་པོའི་འཆར་ཟིན་ཞིབ་འཇུག་ཁང་གིས་འགྲན་སློང་བྱས་ཤིང་། ཞིབ་འཇུག་ཁང་དེས་ཁ་མཆུ་ཞུ་གཏུགས་ཀྱི་སྐབས་སུ། སྲིད་ཇུས་དེས་གཞུང་གཉེར་སློབ་གྲྭར་ཁྱབ་ཡོད་པས་རིག་གཞུང་ཞིབ་འཇུག་གི་རང་དབང་ལ་འགོག་རྐྱེན་བཟོས་ཡོད་པའི་རྒྱུ་མཚན་བགྲངས་ཀྱང་། སྤྱི་ཟླ་༡༢ པའི་ནང་ལ་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེ་དེར་སྨན་པའི་མཐའ་མའི་གཅོད་རྒྱ་བཏང་ཡོད་པ་རེད།
ཨ་མེ་རི་ཀའི་སྤྱི་འབངས་རང་དབང་གི་མཉམ་འབྲེལ་སོགས་ཚོགས་པ་སྒྲིག་འཛུགས་ཁག་གིས་མཉེན་ཆས་དེར་རྒྱབ་སྐྱོར་ཡོད་ཅིང་། སྒྲིག་འཛུགས་དེའི་ཁྲིམས་རྩོད་པ་ཇཱི་ནཱ་ལེ་ཝེན་ཐོ་ཧྥུ་ལགས་ཀྱིས། གྲོས་ཚོགས་ཀྱིས་ཊིག་ཊོག་བེད་སྤྱོད་གཏོང་མཁན་མི་གྲངས་དུང་ཕྱུར་གཅིག་དང་ཕྱེད་ཀ་ལྷག་གི་སོ་སོའི་འདོད་པ་བརྗོད་པ་དང་། འཛམ་གླིང་གང་སའི་གནས་ཚུལ་བསྡུ་ལེན་བྱེད་པའི་དབང་ཆ་བཙན་འཕྲོག་བྱ་མི་རུང་། ཞེས་བརྗོད་ཡོད་པ་དང་། ཊུས་ཊར་རམ་ X དྲ་ཚིགས་ཀྱི་བདག་པོ་ཕྱུག་བདག་ཨེ་ལོན་མཱ་སི་ཁེས་ཀྱང་རེས་གཟའ་པ་སངས་ཉིན་ལ་བྱེད་བབ་དེས་སྨྲ་བརྗོད་རང་དབང་ལ་འགལ་འཛོལ་བྱས་སོང་། ཞེས་ཊིག་ཊོག་བཀག་སྡོམ་བྱ་རྒྱུར་ངོ་རྒོལ་གནང་ཡོད་པ་རེད།
Your browser doesn’t support HTML5