༢༠༢༤ ལོའི་སྤྱི་ཟླ་དང་པོའི་ཚེས་༡༣ ཉིན་གྱི་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་བདུན་ཕྲག་གཅིག་ཙམ་ལས་ལྷག་མེད་པའི་སྐབས་འདིར། སྲིད་འཛིན་འོས་མི་གསུམ་བར་གྱི་འགྲན་རྩོད་ཇེ་ཆེར་འགྲོ་བཞིན་པ་དང་། རྒྱ་ནག་གི་ཕྱོགས་ནས་ཐེ་ཝན་ཉེ་འཁོར་ལ་དམག་གི་སྡིགས་སྐུལ་དང་དཔལ་འབྱོར་གྱི་ཉེས་ཆད། དེ་བཞིན་སྤྱི་ཚོགས་དྲྭ་ལམ་སོགས་བརྒྱུད་ནས་ཞི་དྲག་གཉིས་ཀྱི་ཐོག་ནས་ཐེ་ཝན་གྱི་འོས་བསྡུ་ལ་ཐེ་ཇུས་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད།
ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་གནས་བཞུགས་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གསར་འཛུགས་གནང་མཁན་བཀྲ་ཤིས་ཚེ་རིང་ལགས་ནས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལྟར་ན། ད་ལན་སྲིད་འཛིན་འོས་མིར་བཞེང་གནང་མཁན་མི་གསུམ་པོ་ནི། ཉེན་རྟོག་པ་ཟུར་པ་དང་ཐེ་པེ་གསར་པའི་གྲོང་ཁྱེར་སྤྱི་ཁྱབ་ཟུར་པའི་ཕྱག་ལས་གནང་མྱོང་མཁན་གོ་མིན་ཏང་ཚོགས་པའི་འོས་མི་ཧའོ་ཡོ་དབྱི་དང་། ད་ལྟ་ཐེ་ཝན་གྱི་སྲིད་འཛིན་གཞོན་པའི་གོ་གནས་བཞེས་མཁན། དེ་སྔར་གྲོས་ཚོགས་འཐུས་མི་དང་ཐེ་ནན་གྲོང་ཁྱེར་གྱི་སྤྱི་ཁྱབ་གནང་མྱོང་མཁན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལའེ་ཆིང་ཏེ་དང་། སྨན་པ་དང་ཐེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་གནང་མྱོང་མཁན་མང་ཚོགས་ཚོགས་པའི་འོས་མི་ཁེ་ཝེན་ཀྲེ་བཅས་གསུམ་པོ་རེད་འདུག
Your browser doesn’t support HTML5
འོས་མི་གསུམ་པོའི་བར་རྩོད་གླེང་གནང་སྐབས། མཚོ་འགག་ཕྱོགས་གཉིས་ཀྱི་གནད་དོན་ལས་གཞན། གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧའོ་ཡོ་དབྱི་ཡིས་ཁྲིམས་འཛིན་དང་གཞོན་སྐྱེས། ནུས་ཁུངས་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་བོ་འཛིན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལའེ་ཆིང་ཏེ་ཡིས་དཔལ་འབྱོར་དང་རྒྱལ་སྲུང་ཡར་རྒྱས་གཏང་རྒྱུ་དང་། འཛམ་གླིང་གི་དམངས་གཙོ་རྒྱལ་ཁབ་ཚོ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་ཞོར། གློག་འདྲེན་ཕྱེད་གཟུགས་དང་མི་བཟོས་བཅོས་རིག་ལ་སོགས་པའི་འཕྲུལ་རིག་ལག་རྩལ་གོང་འཕེལ་གཏང་རྒྱུ་སོགས་ཀྱི་སྐོར་ལ་དོ་སྣང་མང་བ་སྤྲད་རྒྱུ་དང་། གཞན་མང་ཚོགས་ཚོགས་པའི་སྲིད་འཛིན་འོས་མི་ཁེ་ཝེན་ཀྲེས་ཀྱིས་ནོར་སྲིད་སྐོར་གྱི་སྒྲིག་གཞི་ལེགས་བཅོས་དང་མཉམ་འབྲེལ་གཞུང་ཞིག་འཛུགས་རྒྱུའི་ལྟ་ཚུལ་བཏོན་ཡོད་པ་རེད།
བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསུངས་དོན་ལྟར་ན། རྒྱ་ནག་གི་བཏོན་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་ལ་གོ་མིན་ཏང་དང་དམངས་གཙོ་ཡར་ཐོན་ཚོགས་པ་གཉིས་ཆ་ནས་མོས་མཐུན་མེད་ཅིང་། མ་འོངས་ཐེ་ཝན་གྱི་རང་དབང་དམངས་གཙོ་སྲུང་སྐྱོབ་བྱེད་ཕྱོགས་ཐད་ནས། ད་ལྟ་ཐེ་ཝན་མི་དམངས་ཀྱིས་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལ་རེ་ལྟོས་ཆེན་པོ་བྱེད་བཞིན་ཡོད་པ་རེད། གོ་མིན་ཏང་གིས་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལའེ་ཆིང་ཏེ་ནི། ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་ཡོད་མཁན་ཞིག་ལ་བརྩིས་ཏེ། གལ་སྲིད་ཁོ་ལ་རྒྱལ་ཁ་ཐོབ་པ་ཡིན་ན། འབྱུང་འགྱུར་ཐེ་ཝན་དེ་དམག་འཁྲུག་ནང་དུ་བརྫང་རྒྱུའི་ཉེན་པ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་པ་རེད། ལའེ་ཆིང་ཏེས་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་དམར་ཤོག་གཞུང་གི་ངོ་གདོང་ངོ་མ་ཤེས་རྟོགས་བྱུང་སྟེ། དུས་བབ་དང་བསྟུན་ནས་རྒྱ་ནག་ཐོག་འཛིན་པའི་ལྟ་ཚུལ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར། གོ་མིན་ཏང་ཕྱོགས་ཁག་གིས་ད་དུང་མུ་མཐུད་ནས་དུས་རབས་གོང་མའི་སྲིད་ཇུས་རྙིང་པ་གཞི་བཟུང་གིས་པེ་ཅིང་གཞུང་དང་འབྲེལ་ལམ་ཉེ་རུ་གཏང་འདོད་ཡོད་པ་དེ་ནི་མི་འོས་པ་ཞིག་ཡིན་པས་ན། ཁོང་རང་ཉིད་ཐེ་ཝན་གྱི་ད་ཡོད་ཀྱི་གནས་སྟངས་རྒྱུན་འཁྱོངས་ཡོང་ཐབས་བྱེད་འདོད་ཡོད་པ་ལས་ཀྲུང་ཧྭ་མིན་གོ་ཞེས་པའི་ཐེ་ཝན་གཞུང་འབྲེལ་གྱི་མིང་ལ་བསྒྱུར་བཅོས་གཏང་འདོད་མེད་ཅེས་འགྲེལ་བརྗོད་བྱས་འདུག
ཉེ་ཆར་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་གིས་སྤེལ་བའི་སྤྱི་ལོ་གསར་པའི་ཤིས་ཚིག་ནང་། མེས་རྒྱལ་གོང་བུ་གཅིག་གྱུར་བྱ་རྒྱུ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་རེད་ཅེས་ནན་བརྗོད་བྱས་ཡོད་པ་དང་། དེའི་རྗེས་ལ་ཐེ་ཝན་ནང་གི་རྒྱ་ནག་ལས་དོན་ཁང་གིས་ཀྱང་གཅིག་གྱུར་ཞེས་པའི་ཐ་སྙད་དེ་བསྐྱར་དུ་ནན་བརྗོད་བྱས་ཡོད་པར་མ་ཟད། སྤྱི་ལོ་གསར་པའི་ཚེས་གཅིག་ཉིན་ལ་རྒྱ་ནག་གིས་ཐེ་ཝན་གྱི་མཚོ་ཁོངས་དང་མཁའ་དབྱིངས་སུ་གནམ་མཚོ་གཉིས་ནས་དཔུང་ངོམ་བྱས་ཏེ་སྡིགས་ར་བསྐུལ་ཡོད་ཅིང། རྒྱ་ནག་གིས་ཟླ་བ་གོང་མ་ནས་ཐེ་ཝན་གྱི་མཁའ་དབྱིངས་སུ་གསང་མྱུལ་ལྒང་ཕུག་གཏོང་འགོ་ཚུགས་ཏེ། ད་བར་ལྒང་ཕྲུག་དྲུག་བཏང་ཡོད་པ་དེའི་ནང་ནས་གསང་མྱུལ་ལྒང་ཕུག་གཉིས་མཚོ་འགག་གི་དམར་ཐིག་ལས་བརྒལ་ཡོད་པ་རེད། གཞན་ཟླ་བ་གོང་མའི་ནང་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་ཚོང་ཟོག་རིགས་འགའ་ཤས་ལ་སྒོ་ཁྲལ་ཆག་ཡང་མེད་པར་བཏང་ནས་ཐེ་ཝན་ལ་ཉེས་ཆད་བཅད་ཡོད་པ་དང་། གལ་སྲིད་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལ་འོས་འཕངས་པ་ཡིན་ན། འབྱུང་འགྱུར་ད་དུང་མུ་མཐུད་ནས་འདི་ལྟ་བུའི་དཔལ་འབྱོར་གྱི་ཉེས་ཆད་གཅད་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།
སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་ཐེ་ཝན་ལ་གནོན་ཤུགས་ཅི་རིགས་སྤྲད་དང་སྤྲོད་མུས་ཡིན་པ་དེ་ནི། པེ་ཅིང་གཞུང་གིས་ཐེ་ཝེན་ཐོག་འཛིན་པའི་སྲིད་ཇུས་གསལ་པོ་མཚོན་ཡོད་ཅིང་། ལྷག་པར་དུ་ཐེ་ཝན་གྱི་འོས་བསྡུ་སླེབས་ལ་ཉེ་བའི་དུས་སྐབས་ངེས་ཅན་ཞིག་ལ་རྒྱ་ནག་གཞུང་གིས་ཐེ་ཝན་མི་དམངས་ལ་ཞི་དྲག་གཉིས་ཀྱི་ཐབས་ལམ་བརྒྱུད་ནས་སྡིགས་སྐུལ་དང་བློ་སེམས་འགུག་ཐབས་བྱེད་བཞིན་པ་དེ་གནས་སྟངས་གསར་པ་གང་ཡང་མ་རེད་ཅེས་བརྗོད་འདུག
ཐེ་ཝན་གྱི་སྲིད་འཛིན་ལས་ཐོག་ལྕམ་ཚའེ་དབྱིན་ཝེན་ལགས་ཀྱིས་སྤེལ་བའི་སྤྱི་ལོ་གསར་པའི་ཤིས་ཚིག་གི་ནང་། ཐེ་ཝན་གྱི་མ་འོངས་པ་ནི་ཐེ་ཝན་མི་དམངས་ཀྱི་འདོད་བློས་ཐག་གཅོད་བྱ་རྒྱུ་ཡིན་ཞིང་། ཐེ་ཝན་མི་དམངས་ལ་དགོས་རྒྱུ་ནི་ཆེ་མཐོང་ལྡན་པའི་རང་དབང་རེད་ཅེས་ནན་བརྗོད་གནང་ཡོད་པ་དེ་ནི་ཞི་ཅིན་ཕིང་གི་བཤད་ཚུལ་དང་ཁྱད་པར་ཆེན་པོ་ཤོས་འདུག
དེ་བཞིན་ཐེ་ཝན་གྱི་སྲིད་འཛིན་གཞོན་པའི་འོས་མི་གསུམ་བར་གྱི་རྩོད་གླེང་དེ་ཡང་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་ལ་སྤེལ་ཡོད་ཅིང་། མཚོ་འགག་ཕྱོགས་གཉིས་ཀྱི་གནད་དོན་ནི་བརྗོད་གཞི་གཙོ་བོར་ཆགས་ཏེ། གོ་མིན་ཏང་གི་སྲིད་འཛིན་གཞོན་པའི་འོས་མི་ཀྲའོ་ཧྲའོ་ཁང་གིས་མཚོ་འགག་ཕྱོགས་གཉིས་བར་འབྲེལ་བ་དེ་ཤ་ཆད་ཀྱང་རྒྱུས་པ་མ་ཆད་པ་ཞིག་ཡོང་ན་གཞི་ནས་ཐེ་ཝན་མཚོ་ཁུག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཐུབ་གི་ཡོད་པ་དང་། དམངས་གཙོ་ཡར་ཐོན་ཚོགས་པ་ནི་ཉེན་ཁའི་ཡོངས་ཁུངས་ཡིན་པར་འདོད་བཞིན་ཡོད། འོན་ཏེ་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཤའོ་མེ་ཆིང་གིས་དེ་ལ་དགག་པ་བརྒྱབ་ནས་ཉེན་ཁ་ཡོང་ས་ནི་ཐེ་ཝན་དང་དམངས་གཙོ་ཡར་ཐོན་ཚོགས་པ། ཡང་ན་ལའེ་ཆིང་ཏེ་སོགས་གང་ཡང་མིན་པར་ཉེན་ཁའི་ཡོངས་ཁུངས་གཙོ་བོ་ནི། རྒྱ་ནག་དམར་ཤོག་ཚོགས་པ་ཡིན་པ་དེ། རྒྱལ་སྤྱིའི་ཐོག་ནས་ཡོངས་གྲགས་ཀྱི་ངོས་ལེན་ཡོད་པ་གསལ་སྟོན་གྱིས་གོ་མིན་ཏང་གིས་རྒྱ་ནག་དམར་ཤོག་དང་ངན་པ་ལག་འབྲེལ་བྱེད་བཞིན་ཡོད་པར་སྐྱོན་བརྗོད་བྱས་འདུག དེ་བཞིན་མི་དམངས་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཝུའུ་ཤིས་དབྱིང་གིས་ཐེ་ཝན་གྱིས་ཨ་རིས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་ལད་མོ་བྱས་ནས་མཉམ་ལས་བྱེད་ཐུབ་སར་མཉམ་ལས་དང་ཁ་གཏད་གཅག་དགོས་སར་ཁ་གཏད་གཅོག་དགོས་པའི་བསམ་ཚུལ་བསྟན་འདུག
མཚོ་འགག་གི་གནད་དོན་ལས་གཞན། གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧའོ་ཡོ་དབྱི་ཡིས་ཁྲིམས་འཛིན་དང་གཞོན་སྐྱེས། ནུས་ཁུངས་དང་འབྲེལ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་འཛིན་བྱེད་ཀྱི་ཡོད་པ་དང་། དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལའེ་ཆིང་ཏེ་ཡིས་དཔལ་འབྱོར་དང་རྒྱལ་སྲུང་ཡར་རྒྱས་གཏང་རྒྱུ་དང་། འཛམ་གླིང་གི་དམངས་གཙོ་རྒྱལ་ཁབ་ཚོ་དང་མཉམ་ལས་ལ་ཤུགས་སྣོན་བྱེད་ཞོར། གློག་འདྲེན་ཕྱེད་གཟུགས་དང་མི་བཟོས་བཅོས་རིག་ལ་སོགས་པའི་འཕྲུལ་རིག་ལག་རྩལ་གོང་འཕེལ་གཏང་རྒྱུ་སོགས་ཀྱི་སྐོར་ལ་དོ་སྣང་མང་བ་སྤྲད་རྒྱུ། གཞན་མང་ཚོགས་ཚོགས་པའི་སྲིད་འཛིན་འོས་མི་ཁེ་ཝེན་ཀྲེས་ཀྱིས་ནོར་སྲིད་སྐོར་གྱི་སྒྲིག་གཞི་ལེགས་བཅོས་དང་མཉམ་འབྲེལ་གཞུང་ཞིག་འཛུགས་རྒྱུའི་ལྟ་ཚུལ་བཏོན་ཡོད་པ་རེད།
ཐེ་ཝན་གྱི་སྲིད་འཛིན་ལས་ཐོག་ལྕམ་ཚའེ་དབྱིན་ཝེན་ལགས་དང་སྲིད་འཛིན་གཞོན་པ་ལས་ཐོག་ལའེ་ཆིང་ཏེ་ལགས་རྣམ་གཉིས་ནས་རྒྱ་ནག་དང་གྲོས་མོལ་ཡོང་ཐངས་ཐེངས་མང་གནང་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་དེ་ལ་ཁ་གཡར་བྱས་མེད་པར་མ་ཟད། ཁོང་གཉིས་ནི་ཐེ་ཝན་རང་བཙན་བརྩོན་མཁན་དང་རྒྱལ་ཁབ་ཁ་བྲལ་རིང་ལུགས་པ་ལ་བརྩིས་ཡོད་སྟབས། ད་ལན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིང་ཏེ་དང་སྲིད་འཛིན་གཞོན་པའི་འོས་མི་ཤའོ་མེ་ཆིང་གཉིས་ནི་ཁ་བྲལ་རིང་ལུགས་པ་ངན་པ་ལག་འབྲེལ་རེད། གལ་ཏེ་ཐེ་ཝན་མི་དམངས་ཚོས་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིང་ཏེ་དང་སྲིད་འཛིན་གཞོན་པའི་འོས་མི་ཤའོ་མི་ཆིང་གཉིས་ལ་འོས་ཤོག་འཕངས་ན་མཚོ་འགག་ཕྱོགས་གཉིས་བར་དུ་དམག་འཁྲུག་ལངས་གི་རེད་ཅེས་ཁ་རྡུང་དང་འཇིགས་སྣང་སྐུལ་ཡོད་པ་རེད།
ཉེ་ལམ་མི་དམངས་འདོད་བློ་ཚོད་རྩིས་ཀྱི་འབྲས་བུ་ལ་འགྱུར་ལྡོག་ཕྲ་ལ་ཕྲན་བུ་ཕྱིན་ཡོད་ཀྱང་། རེས་གཟའ་མིག་དམར་ཉིན་སྤེལ་བའི་མི་དམངས་འདོད་བློ་ཚོད་རྩིས་གསར་ཤོས་ལས། དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིང་ཏེ་ལ་མི་དམངས་རྒྱབ་སྐྱོར་གྱི་ཚད་མཐོ་ཤོས་ཡིན་པ་དང་། དེ་ནས་གོ་མིན་ཏང་གི་འོས་མི་ཧི་ཡོན་དབྱི་ཨང་གཉིས་པ་དང་མང་ཚོགས་ཚོགས་པའི་འོས་མི་ཁེ་ཝན་ཀྲེ་ཨང་གསུམ་པ་ཆགས་འདུག
Your browser doesn’t support HTML5